གདུང་བསམ་རིག་པའི་འབྱུང་གནས་སློབ་གྲྭ ཆེ་བ།

གདུང་བསམ་རིག་པའི་འབྱུང་གནས་ཀྱིས་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་དམིགས་གཏད།

༉ ཕམ་ཉམ་ཆུང་གི་ ཨ་ལོ་ཨིན་པའི་ཁར་ སློབ་རིམ་༡༠ པ་ལས་ གཞུང་གི་སློབ་གྲྭ་ནང་ འཛུལ་ཞུགས་འབད་ནི་གི་ མཐར་མ་འཁྱོལ་བར་ སྒེར་གྱི་སློབ་གྲྭ་ཆེ་བ་ཚུ་ནང་ ཤེས་ཡོན་འཕྲོ་མཐུད་ ལྷབ་ནི་གི་ དང་འདོད་ཡོད་པ་ཅིན་ གདུང་བསམ་རིག་པའི་འབྱུང་གནས་དེ་ གདམ་ཁ་ལེགས་ཤོམ་ཅིག་སྦེ་ མཐོངམ་ཨིན་པས།
དེ་ཡང་ བསམ་གྲུབ་ལྗོངས་མཁར་ལས་ བདེ་བ་ཐང་ལུ་ མ་ལྷོད་པའི་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་ཁར་ གཞི་བཙུགས་འབད་ཡོད་མི་ སློབ་གྲྭ་དེ་གིས་ སྒེར་གྱི་སློབ་གྲྭ་ཆེ་བ་ མང་ཤོས་ཅིག་དང་ཕྱདཔ་ད་ འཐུས་ཡང་དུམ་གྲ་ཅིག་ ཉུང་བའི་ཁར་ སློབ་གྲྭ་ཆེ་བ་གཞན་ཚུ་གི་ རྩ་གཞུང་ནང་མེད་པའི་ ནང་པའི་ཆོས་ལྷབ་སྦྱང་འབད་ནིའི་ གོ་སྐབས་ཡོད་ཟེར་ སློབ་གྲྭའི་དབང་འཛིན་གྱིས་ བཤདཔ་ཨིན་པས།
སློབ་གྲྭ་དེ་གིས་ ཚན་རིག་དང་ ནང་རིག་ ཚོང་རིག་༣ ཆ་ར་ སློབ་སྟོན་འབད་མི་ལས་ ཚན་རིག་ཆོས་ཚན་ནང་ འཛུལ་ཞུགས་ཀྱི་དོན་ལུ་ རྩིས་དང་ཚན་རིག་ཆོས་ཚན་ནང་ མཐར་འཁྱོལ་དགོཔ་མ་ཚད་ ནང་རིག་དང་ ཚོང་རིག་ནང་འབད་བ་ཅིན་ སྐུགས་ཚད་བརྒྱ་ཆ་༤༠ ལས་ལྷག་སྟེ་ཡོད་པ་ཅིན་ འཛུལ་ཞུགས་འབད་ནི་ལུ་ ངོས་ལེན་འབདཝ་ཨིན་པས།
སློབ་གྲྭ་དེ་ནང་ སྒེར་གྱི་སློབ་གྲྭ་གཞན་དང་ཕྱདཔ་ད་ མ་འདྲཝ་ཅིག་ ལམ་སྲོལ་དང་འབྲེལ་བའི་ ཆོས་ཚན་ཡོདཔ་ད་ དེ་ཡང་ སློབ་ཕྲུག་ཚུ་གིས་ དྲོ་པ་དང་ཕྱི་རུ་ ཁ་ཐུན་གཏང་ནི་དང་ སྙན་ཆའི་མཁས་མཆོག་ཚུ་འབོ་སྟེ་ སྙན་ཆའི་སློབ་སྟོན་ཡང་ འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཆོས་འབྲེལ་ལས་རིམ་དེ་ཡང་ ན་ཧིང་ལས་ སློབ་གྲྭ་གཞི་བཙུགས་འབད་མི་ སྒེར་གྱི་ཇོ་བདག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ སློབ་གྲྭ་དེ་ གཞུང་གྲྭ་ཚང་གིས་ ལེན་ཞིནམ་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ སློབ་གྲྭ་དེ་ བགོ་བཤའ་བརྒྱ་ཆ་༥༠ གཞུང་གྲྭ་ཚང་དང་ བརྒྱ་ཆ་༤༠ པདྨ་དགའ་ཚལ་རབ་སྡེ་གྲྭ་ཚང་ དེ་ལས་ བརྒྱ་ཆ་༡༠ བཀྲ་ཤིས་སྒང་རབ་སྡེ་གྲྭ་ཚང་གིས་ འཆང་ཡོདཔ་ད་ གཞུང་གྲྭ་ཚང་གི་གྲོས་དཔོན་ མགོན་པོ་རྡོ་རྗེ་གིས་ བཤད་མིའི་ནང་ སློབ་གྲྭ་དེ་ ཚོང་འབྲེལ་གྱི་ ཁེ་ཕན་ལུ་རྐྱངམ་གཅིག་ བལྟ་སྟེ་མེན་པར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་དང་ དེ་གི་ནང་ལས་ཡང་ ཤར་ཕྱོགས་རྫོང་ཁག་འོག་གི་ ཤེས་ཡོན་འཕྲོ་མཐུད་ལྷབ་སྦྱང་འབད་ནི་ལུ་ དང་འདོད་ཅན་གྱི་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ ཕན་ཐབས་ལུ་དམིགས་ཏེ་ གཞུང་གྲྭ་ཚང་གི་ གྲོགས་རམ་གྱི་སྲིད་བྱུས་དང་བསྟུན་ ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
གྲོས་དཔོན་གྱིས་འབད་བ་ཅིན་ སློབ་གྲྭ་དེ་ གཞན་དང་མ་འདྲ་མི་དེ་ཡང་ སློབ་གྲྭ་ནང་ སློབ་ཕྲུག་ཚུ་གི་དོན་ལུ་ ལམ་སྲོལ་དང་འབྲེལ་བའི་ལས་རིམ་ འགོ་བཙུགས་ཏེ་ ཡོད་མི་དེ་གིས་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་མཇུག་བསྡུ་བའི་ཤུལ་ལས་ མཐར་འཁྱོལ་ལག་ཁྱེར་རྐྱངམ་གཅིག་ ལག་པར་འཐོབ་ནི་མེན་པར་ བསམ་སྤྱོད་ལེགས་བཅོས་འབད་དེ་ མི་ཚེ་མཐར་འཁྱོལ་ཅན་ འགྱོ་ཚུགས་པའི་ འོས་འབབ་ཡོདཔ་མ་ཚད་ ཤེས་ཡོན་སློབ་སྟོན་ལས་རིམ་ དམ་དམ་ཡོདཔ་ལས་ ཤེས་ཚད་ལས་འབད་རུང་ གོང་འཕེལ་སྦོམ་སྦེ་ར་འགྱོཝ་མས་ཟེར་ཨིན་པས།
མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་གྲྭ་དེ་ སྤྱི་ལོ་༢༠༡༦ ལུ་ གཞུང་གྲྭ་ཚང་གིས་ རྩིས་ལེན་པའི་སྐབས་ གནས་སྟངས་སྐྱོ་དྲགས་ནང་ཡོད་རུང་ ད་རེས་ གཞི་རྟེན་མཁོ་ཆས་དང་ མཐུན་རྐྱེན་ཚུ་ཡང་ གཞི་བཙུགས་འབད་ཚར་དོ་ཟེར་ཨིན་པས།
སློབ་གྲྭ་དེ་ནང་ སློབ་ཕྲུག་༥༠༠ དེ་ཅིག་ ཤོང་ཚད་ཡོད་མི་ལས་ ནང་སྡོད་སློབ་ཕྲུག་༣༠༠ དེ་ཅིག་ བཞག་ཚུགས་པའི་ སྡོད་ཁྱིམ་ཚུ་ རྐྱབ་སྟེ་ཡོདཔ་ཨིན་པས།
ཨིན་རུང་ ད་ཚུན་ སློབ་གྲྭ་ནང་ སློབ་ཕྲུག་༢༢༠ མ་གཏོགས་མེད་པའི་ཁར་ སློབ་དབུ་འཛིན་དང་ དབུ་འཛིན་འོག་མ་བརྩིས་ཏེ་ སློབ་དཔོན་༡༨ དེ་ཅིག་ཡོདཔ་ད་ སློབ་ཕྲུག་གི་གྱངས་ཁ་ ཡར་སེང་འགྱོ་བའི་ རེ་བ་ཡོདཔ་ཨིན་པས།
མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་གྲྭའི་དམིགས་གཏད་གཙོ་བོ་ཅིག་ སློབ་ཕྲུག་ཚུ་ལུ་ དཔེ་ཆ་བལྟ་ནིའི་དུས་ཚོད་ མངམ་བྱིན་ནི་དེ་ཨིནམ་བཞིན་དུ་ ན་ཧིང་ལས་འགོ་བཙུགས་ སློབ་ཕྲུག་ཚུ་གི་ གྲུབ་འབྲས་ཚུ་ཡང་ དུས་རྒྱུན་དུ་ ལྟ་རྟོག་འབད་དོ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ན་ཧིང་ གྲུབ་འབྲས་ཚུ་གི་ ཁྱད་པར་ཐོན་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་ཕྲུག་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལུ་ སློབ་གཉེར་གྲོགས་རམ་ཚུ་ཡང་ འགོ་བཙུགས་ཏེ་ཡོདཔ་ད་ དེ་ཚུ་གི་གྲས་ལས་ རྩེད་རིགས་སློབ་གཉེར་གྲོགས་རམ་དང་ སློབ་ཕྱེད་གྲུབ་འབྲས་ལུ་ གཞི་བཞག་ཐོག་ལས་ སྐུགས་ཚད་བརྒྱ་ཆ་༧༥ ལས་ལྷག་ ཐོབ་མི་ཚུ་ལུ་ སློབ་གཉེར་གྲོགས་རམ་ཧྲིལ་བུ་དང་ བརྒྱ་ཆ་༧༠ དང་༧༥ བར་ན་ཐོབ་མི་ཚུ་ལུ་ སློབ་གཉེར་གྲོགས་རམ་ཕྱེད་ཀ་བྱིན་དོ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *