བསམ་གྲུབ་ལྗོངས་མཁར་རྫོང་གི་ མཐོང་སྣང་།

གདུང་བསམ་ཟེར་ སླབ་དགོ་པའི་དགོས་ཁུངས།

(བདུན་ཕྲག་ཧེ་མའི་འཕྲོ་མཐུད)

པདྨ་དགའ་ཚལ་རྫོང་ཁག་གི་ ད་ལྟོའི་མིང་ པདྨ་དགའ་ཚལ་ཟེར་ མ་ཐོབ་པའི་ཧེ་མར་ གདུང་བསམ་ཁྱི་གདུང་དང་ གདུང་བསམ་མཁོའི་གདུང་ཟེར་ སླབ་སྲོལ་ཡོདཔ་ད་ རྫོང་ཁ་ནང་ ཁིྱ་གདུང་ཟེར་མི་དེ་ ཨ་ཝའི་གཡུས་དང་ མཁོའི་གདུང་དེ་ མཁོའི་པ་ཚུ་གི་ གཡུས་ཚན་ལུ་ སླབ་ཨིན་པས།

དེ་བསྒང་ གདུང་བསམ་མཁོའི་གདུང་དེ་ བང་མཚོ་ཆོས་རྗེ་གིས་ སྐྱོང་སྡོད་ཡོདཔ་ད་ མཁོའི་པ་ཟེར་ རིགས་དམན་པའི་མི་ཚུ་ ལཱ་འབད་མི་སྦེ་ བཞག་ཡོདཔ་བཞིན་དུ་ ལོ་རྒྱུས་ཚུ་དང་འཁྲིལཝ་ད་ མཁོའི་པ་ཚུ་ རྒྱ་གར་ཨ་སམ་ཌོ་ཝར་ལས་ བཙན་ཁྲིད་འབད་མི་ཚུ་ཨིནམ་ད་ ཤུལ་ལས་ ཁོང་ཆ་ཁྱབ་ཀྱིས་ དེ་ཁར་ གཞིས་ཆགས་སྡོད་ཡོད་མི་ལུ་བརྟེན་ མཁོའི་གདུང་ཟེར་མི་དེ་ མཁོའི་པ་ཚུ་གི་ གཡུས་ཚན་ཨིན་པའི་ བརྡ་མཚོན་ཨིན་པས།

ངག་རྒྱུན་ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ མི་དབང་ཞིང་གཤེགས་ འབྲུག་རྒྱལ་༣ པ་མཆོག་གིས་ མཁོའི་པ་ཚུ་ལུ་ རང་དབང་གནང་པའི་ཤུལ་ལས་ བང་མཚོ་ཆོས་རྗེ་ཡང་ མཁས་རི་དགོན་པའི་ ས་འོག་ལུ་ ཚུད་ཡོད་མི་ རྫོང་དང་གཅིག་ཁར་ འབྲེལ་བ་མེདཔ་ ཐལ་ཡོདཔ་ད་ རྫོང་དེ་ ད་ལྟོ་ གྱང་ཁོག་སྦེ་ ལུས་ཡོདཔ་ཨིན་པས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་ སྐུ་ཚེ་གོངམ་ དགེ་བཤེས་པདྨ་ཚེ་རིང་གིས་ བཟོ་སྦལ་གྱི་ རྒྱབ་ཕོྱོགས་དང་ ཆུང་མཁར་དང་ ཤུ་མར་ཐུང་གི་ གདོང་ཕྱོགས་ལུ་ཡོད་མི་ བར་དགོན་པ་ལུ་ གདན་ས་བཅགས་གནང་ཡོདཔ་ལས་ བང་མཚོ་ཆོས་རྗེའི་ རྒྱུད་པ་ཨིན་མི་ བསམ་གྲུབ་ལྗོངས་མཁར་གྱི་ བར་མ་གིས་ དེ་ཁར་ ལྷ་ཁང་ཅིག་ བཞེངས་ཡོདཔ་ཨིན་པས།

དགེ་བཤེས་པདྨ་བསྟན་འཛིན་ དགོན་པ་དེ་ཁར་ ཞིང་ཕེབས་ཡོདཔ་ལས་ གཞོང་སྒར་དང་ བཀྲིས་སྒང་གི་ མི་ཚུ་གིས་ རྒྱ་གར་ལུ་ ཚོང་འབྲེལ་འཐབ་སའི་ གཞུང་ལམ་རྒྱ་གྲམ་དེ་ཁར་ སྐུ་གདུང་མཆོད་རྟེན་ བཞེངས་ཡོདཔ་ད་ ཤུལ་ལས་ སྐུ་གདུང་མཆོད་རྟེན་དེ་ ཉམས་བཅོས་འབད་ཡོདཔ་ལས་ བཀྲིས་རབ་གནས་དེ་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ཁོ་ར་གིས་ མཛད་གནང་ཡོདཔ་ཨིན་པས།

ལོ་རྒྱུས་དང་འཁྲིལཝ་ད་ དགེ་བཤེས་པདྨ་བསྟན་འཛིན་དེ་ ལྷ་སྲས་གཙང་མའི་རྒྱུད་པ་ ཆུང་མཁར་ཆོས་རྗེ་ལས་ཨིན་མི་ དགེ་བཤེས་ཁོ་རའི་ དད་ཅན་གྱི་ སྐྱབས་འཛིན་པ་ གཞོང་སྒར་རྫོང་དཔོན་ ཀུན་བཟང་དབང་འདུས་ཀྱིས་ རྒྱབ་སྐྱོར་ཕུལ་ཡོདཔ་ད་ རྫོང་དཔོན་དེ་ བསྟན་འཛིན་འབྲུག་གྲགས་ལུ་བརྟེན་ ཞབས་དྲུང་རིན་པོ་ཆེ་དང་གཅིག་ཁར་ཡང་ ཉེ་ཚན་ཕོགཔ་ཨིན་པས།

པདྨ་དགའ་ཚལ་གྲྭ་ཚང་གི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ བཤད་མིའི་ནང་ དུས་རབས་༡༦ པ་དེ་ཅིག་ཁར་ འཇིགས་མེད་གླིང་པའི་ཞལ་སློབ་ བྱང་ཆུབ་རྒྱལ་མཚན་ཟེར་ཡང་ཞུ་མི་ རྙིང་མའི་བླ་ཆེན་ འཇིགས་མེད་ཀུན་གྲོལ་ བོད་ལས་ལོག་བྱོན་ཏེ་ མཁའ་འགྲོ་མའི་ ལུང་བསྟན་དང་འཁྲིལ་ ཡོངས་ལ་དགོན་པ་ལུ་ གདན་ས་ཕྱག་བཏབ་གནང་ཡོདཔ་བཞིན་དུ་ བདུད་འཇོམས་རིན་པོ་ཆེ་དང་ འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ གཏེར་སྟོན་པད་རྒྱལ་གླིང་པ་ བླམ་རྡོ་རྗེ་རྒྱལ་མཚན་ནམ་སྤུ་ཆ་ བླམ་བསོད་ནམས་བཟང་པོ་ གདུང་སྲས་འཕྲིན་ལས་ནོར་བུ་ ལྷ་ལུང་ཐུགས་སྲས་རིན་པོ་ཆེ་ལ་སོགས་པའི་ སྐྱེ་ཆེན་དམ་པ་ཚུ་གིས་ ཞབས་ཀྱིས་བཅགས་གནང་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཤར་སྟོད་རིགས་གསུམ་དགོན་པ་ ཤར་སྨད་ཡོངས་ལ་དགོན་པ་གཉིས་ རྒྱ་དང་བོད་ཀྱི་ཁ་གནོན་ཨིན་ཟེར་ སླབ་དོ་བཟུམ་སྦེ་ ཡོངས་ལ་དགོན་པ་དེ་ ལྷོ་ཕྱོགས་ཀྱི་ དགྲ་བྱང་ཕྱད་ཚུ་གི་དོན་ལུ་ འགྱུར་བ་མེད་པའི་ སྲུང་སྐྱོབ་དང་ ཉེན་སྲུང་ཅིག་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ལོ་༡༩༧༠ ལུ་ ད་ལྟོ་ པདྨ་དགའ་ཚལ་རྫོང་ཡོད་སའི་ ས་ཁོངས་ནང་ བདུད་འཇོམས་རིན་པོ་ཆེ་མཆོག་གིས་ དབང་གནང་པའི་སྐབས་ ཤུ་མར་རྒཔོ་ ཨྱོན་ཚེ་རིང་གིས་ མཁོའི་གདུང་ལུ་ འོས་འབབ་ལྡན་པའི་ ལུང་བསྟན་གྱི་ མིང་ཅིག་བཏགས་གནང་ཟེར་ ཞུ་བ་འབད་མི་དང་འཁྲིལ་ རིན་པོ་ཆེ་གིས་ གངས་རི་ཚུ་ལུ་ གཟིགས་པའི་ཤུལ་ལུ་ ཤོག་གུ་ཅིག་ནང་ པདྨ་དགའ་ཚལ་ཟེར་ བྲིས་ཞིནམ་ལས་ རྒཔོ་ལུ་ གནང་མི་ལུ་བརྟེན་ དེ་ལས་ཚུར་ གཞུང་འབྲེལ་དུ་ པདྨ་དགའ་ཚལ་ཟེར་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ རྫོང་ཁག་སྦེ་ཡང་ གསལ་བསྒྲགས་འབད་ནུག་ཟེར་ཨིན་པས།

མི་ཚུ་གིས་ གངས་རི་ཚུ་ལུ་བལྟ་བའི་སྐབས་ ནུབ་ཕྱོགས་ལུ་ རི་ལྡིངས་ལ་དགོན་པ་དང་ བྱང་ལུ་ མཁས་རི་དགོན་པ་ དེ་ལས་ ཤར་ཕྱོགས་ལུ་ ཡོངས་ལ་དགོན་པ་དང་ ལྷོ་ཁ་ཐུག་ལུ་ དུང་དཀར་དགོན་པའི་ གངས་རི་ཚུ་ མེ་ཏོག་པདྨ་ཁ་རྒྱས་རྒྱསཔ་བཟུམ་སྦེ་ མཐོང་དོ་ཡོདཔ་བཞིན་དུ་ ལོ་དེ་ནང་ར་ རིན་པོ་ཆེ་གིས་ མཁོའི་རི་ཟེར་ སླབ་སྲོལ་ཡོད་མི་དེ་ཡང་ བསམ་གྲུབ་ལྗོངས་མཁར་ཟེར་ མིང་བཏགས་གནང་ནུག་ཟེར་ པདྨ་རྒྱལ་པོ་གིས་ བཤདཔ་ཨིན་པས།

པདྨ་རྒྱལ་པོ་གིས་ པདྨ་དགའ་ཚལ་དེ་ རྫོང་ཁག་གསརཔ་སྦེ་ ངོས་འཛིན་འབད་བའི་ཤུལ་ལུ་ མི་ཚུ་གིས་ རྫོང་༡ དགོཔ་ལས་ ཤུ་མར་ལུ་ རྫོང་བཞེངས་ནིའི་དོན་ལུ་ ཞུ་བ་འབད་མི་དེ་ ཁྲལ་དང་ལས་མིའི་འཐུས་ཚུ་ ཐེབས་གནས་ནི་མས་ཟེར་ མི་ཚུ་གིས་ ཆ་མེད་བཏང་ཡོད་མི་ལུ་བརྟེན་ ཤུལ་ལས་ ནང་སྲིད་བློན་པོ་ གཏམ་ཞིང་རྒྱ་གར་གྱི་སྐབས་ ད་ལྟོ་ཡོད་པའི་ ས་ཁོངས་ནང་ བཞེངས་ཡོདཔ་བཞིན་དུ་ སྤ་རོཔ་རྡོ་རྗེ་དེ་ རྫོང་བདག་སྦེ་ བསྐོ་བཞག་གནང་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྫོང་ཁག་དེ་ ཕྱི་མུང་རྒེད་འོག་དང་ ལྕོང་ཤིང་རྒེད་འོག་ གདུང་སྨིན་ མཁར་ ཤུ་མར་ བཟོ་སྦལ་དང་ གཡུ་རུང་རྒེད་འོག་༧ ལུ་ བགོ་བཤའ་རྐྱབ་ཡོད་མི་ལས་ གཡུ་རུང་དང་ ཤུ་མར་༢ སྦོམ་ཤོས་ཅིག་ ཨིནམ་བཞིན་དུ་ རྙས་མཁར་དང་ལ་ནི་རི་ མི་ཀུ་རི་ ཤེམ་ཤེམ་ དེ་ལས་ ཕྱི་མུང་ཚུ་ མཐའ་ཟུར་ཅིག་ཨིན་རུང་ གཡུ་རུང་རྒེད་འོག་དེ་ རྒེད་འོག་ཚུ་ལས་ མཐའ་ཟུར་ཅིག་ཨིན་རུང་ ད་རེས་ འཁོར་ལམ་ལྷོད་དེ་འདུག།

གཡུ་རུང་རྒེད་འོག་དེ་ སངས་རྒྱས་ཀྱི་ ཕྱག་མཐིལ་བཟུམ་སྦེ་ མཐོང་དོ་ཡོདཔ་ད་ དེ་ཁར་ སྤྱི་ལོ་༡༩༦༠ རེ་གྲངས་ནང་རྐྱབ་མི་ སློབ་གྲྭ་ཅིག་ཡོདཔ་ལས་ ཞི་གཡོགཔ་མང་ཤོས་ཅིག་ ཤེས་ཡོན་སློབ་གྲྭ་དེ་ནང་ ལྷབ་ཡོདཔ་བཞིན་དུ་ གཡུ་རུང་གི་ གདོང་ཕྱོགས་ལུ་ མཆོད་རྟེན་སྦོམ་ཅིག་ ཡོད་མི་དེ་ མཁའ་འགྲོ་མ་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ བཞེངས་ཡོདཔ་སྦེ་ སླབ་ནི་འདུག་ཟེར་ པདྨ་རྒྱལ་པོ་གིས་ བཤདཔ་ཨིན་པས།

པདྨ་རྒྱལ་པོ་གིས་ གེ་ཟ་དང་ཨེ་མ་ ཀེ་བ་རྐྱངམ་གཅིག་མེན་པར་ དངུལ་ཐོག་ཚལ་ལུ་དེ་ པདྨ་དགའ་ཚལ་ལུང་ཕྱོགས་ག་རའི་ནང་ འཚོ་དེ་ཡོདཔ་མ་ཚད་ མི་ཚུ་གིས་ ཁོང་ར་སྤྱོད་ནི་དང་ ཚོང་འབྲེལ་འཐབ་ནི་༢ ཆ་རའི་དོན་ལུ་ ཚོད་བསྲེ་དང་ འབྲུ་སྣ་གཞན་གྱི་ རིགས་ཚུ་ཡང་ འཛུགས་སྐྱོང་འབད་དོ་ཡོདཔ་སྦེ་ བཤདཔ་མས་ཟེར་ ཞུ་ནི་ཨིན།

(འཕྲོ་མཐུད་བདུན་ཕྲག་ཤུལ་མར་)

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *