གདམ་ངོ་འཐུ་ཐངས་ཀྱི་ བྱ་བའི་གནད་སྤྱོད་ གཅིག་མཚུངས་བཟོ་དགོཔ།

༉ ཤུལ་མའི་ཟླཝ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ འདེམས་ངོ་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ གདམ་འཐུ་འབད་ནི་ འགོ་བཙུགས་མི་དེ་ ཧ་ལམ་ མཇུག་བསྡུ་རན་ཁར་ ལྷོད་དེ་ཡོད།

ད་ཚུན་གྱི་བར་ན་ རྒེད་འོག་ཚུ་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་མི་ཚུ་ ལེགས་ཤོམ་སོང་ཡོདཔ་མ་ཚད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གདམ་ངོ་གདམ་འཐུ་འབད་ནིའི་ ལྷན་ཐབས་ལུ་ ས་ཁོངས་དེ་ནང་ར་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཚོགས་རྒྱན་བཙུགས་མིའི་ ངོས་འཛིན་འདྲ་པར་ཚུ་ སྤྲོད་ནི་སྦེ་ གྲོས་ཐག་བཅད་མི་དེ་ལུ་ ངོས་ལེན་ལེགས་ཤོམ་འབདཝ་ཨིན་མས།

མ་གཞི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ངོས་འཛིན་འདྲ་པར་ སྤྲོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་འདོད་བསྐྱེད་མི་ མི་ངོམ་ཚུ་ལུ་ ས་ཁོངས་ནང་ ངོས་འཛིན་འདྲ་པར་ བྱིན་ནི་མེདཔ་ལས་ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་གི་ བཙག་འཐུ་འགོ་དཔོན་ཚུ་གིས་ ངོས་འཛིན་འདྲ་པར་ གསལ་སྟོན་འབད་ནི་མེད་མི་ འདེམས་ངོ་ཅིག་ རྒེད་འོག་འཛོམས་འདུ་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་མ་བྱིན་པས།

རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་༢༠༡༨ ཅན་མའི་ རྒེད་འོག/རྫོང་ཁག་ཁྲོམ་སྡེའི་ གདམ་ངོའི་འཛོམསའདུའི་ ལམ་སྟོན་དེ་ནང་ དང་འདོད་ཅན་གྱི་ འདེམས་ངོ་དེ་གིས་ འཛོམས་འདུ་སྐབས་ ངོས་འཛིན་འདྲ་པར་ འབག་འོང་དགོཔ་སྦེ་ ཁ་གསལ་བཀོད་བཀོདཔ་མིན་འདུག།

རྒྱལ་ཡོངས་བསྐྱར་ཞིབ་ཚོགས་ཁང་གི་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་དོན་ལུ་ འདེམས་ངོ་སྦེ་ ཐོན་མི་ཚུ་ལུ་ གོ་བ་བརྡ་སྤྲོད་མ་བཏུབ་བཏུབ་སྦེ་ འབདཝ་མ་ཚད་ ཉེར་མཁོའི་ཡིག་ཆ་ཚངམ་སྦེ་ འབག་འོང་དགོཔ་ ག་ར་གིས་ མ་ཤེསཔ་མེད་རུང་ ས་ཁོངས་ནང་ ངོས་འཛིན་འདྲ་པར་ཚུ་ སྤྲོད་ནི་གི་ བྱ་རིམ་ཚུ་ གཅིག་མཚུངས་བཟོ་དགོཔ་འདུག།

ག་འཆརཔ་ཟེར་བ་ཅིན་ བཙག་འཐུའི་བྱ་རིམ་ རང་མོས་དང་ རྣམ་དག་ཐོག་ འགོ་འདྲེན་འཐབ་ཚུགས་ཐབས་ལུ་ ང་བཅས་ཀྱིས་ དང་པ་ར་ བྱ་བའི་གནད་སྤྱོད་ཚུ་ ལེགས་ཤོམ་བཟོ་ནི་དེ་ཁག་ཆེ།

གདམ་ངོའི་འཛོམས་འདུ་ནང་ལས་ར་ བྱ་རིམ་ཚུ་ རྣམ་དག་དང་ གཅིག་མཚུངས་ཡོད་པ་ཅིན་ བཙག་འཐུ་ཚུ་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ཚུགས་ནི་དང་ ཚོགས་རྒྱན་སྐྱུར་མི་དང་ འདེམས་ངོ་ཚུ་ལས་ ཉོགས་བཤད་བཀོད་ནི་གི་ གཞི་ཁུངས་མེདཔ་བཟོཝ་ཨིན།

འདི་བཟུམ་སྦེ་ ས་གནས་གཞུང་ལས་ འགོ་བཙུགས་ཏེ་ སྤྱི་ཚོགས་ཀྱི་ བཙག་འཐུ་ཚུན་ཚོད་ བཙག་འཐུ་མ་གྲུབ་མི་ འདེམས་ངོ་ཚུ་གིས་ ཉོགས་བཤད་བཀོད་མི་ཚུ་ཡང་ ཉོགས་སེལ་ཚོགས་ཆུང་གི་ ཁ་ཐུག་ལས་ ག་ཐོབ་སྦེ་ ངོས་ལེན་འབད་ནི་མེན་པར་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་ཞིནམ་ལས་རྐྱངམ་གཅིག་ ངོས་ལེན་འབད་དགོ།

འདས་པའི་ཉམས་མྱོང་ཚུ་དང་ འཁྲིལ་བ་ཅིན་ བཙག་འཐུ་གདམ་འཐུ་དང་ བཙག་འཐུའི་སྐབས་ བཙག་འཐུ་མ་གྲུབ་མི་ཚུ་གིས་ མཐུན་འགྱུར་དང་ རྒྱུད་བསྐུལ་ལ་སོགས་པའི་ ཁ་ཉེས་བཀལ་སྲོལ་ཡོདཔ་ཨིན་རུང་ རང་བཙག་འཐུ་གྲུབ་པ་ཅིན་ ཁུ་སིམ་སི་སྦེ་ སྡོད་ནི་དང་ མ་ཐོབ་པ་ཅིན་ དྲང་བདེན་དང་ རྣམ་དག་མ་འགྱོ་ཟེར་ ཁ་གཏང་ནི་དེ་ ལམ་ལུགས་བཟུམ་ཅིག་ལུ་ གྱུར་ཏེ་ཡོད།

འདི་བཟུམ་མའི་ དཀའ་ངལ་དང་ སྟབས་མ་བདེཝ་ཚུ་ སེལ་ཐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ བྱ་བའི་གནད་སྤྱོད་དང་ ལམ་སྟོན་ཚུ་ བསྐྱར་ཞིབ་འབད་དེ་ གཅིག་མཚུངས་བཟོ་ནི་དེ་ ག་ནི་བ་ གལ་ཆེཝ་སྦེ་མཐོངམ་མས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *