གདམ་ཁ་རྐྱབ་མི་དང་བསྟུན་ འགན་འཁྲི་ཐེབས་འབག་དགོཔ།

༉ ཁྲོམ་སྡེའི་བཙག་འཐུ་ཚུ་ མཇུག་བསྡུ་མི་དང་བསྟུན་ ཐིམ་ཕུག་དང་ དགེ་ལེགས་ཕུག་གི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འགྱུར་བ་འབག་འོང་ནིའི་དོན་ལུ་ ཁྲོམ་དཔོན་གསརཔ་ གདམ་ཁ་རྐྱབ་ཡོདཔ་ད་ ཁྲོམ་དཔོན་བགྲེསཔ་ཚུ་གིས་ ཁོང་རའི་ འཆར་གཞི་དང་ ཁས་བླངས་ཚུ་ འཕྲོ་མཐུད་ལག་ལེན་འཐབ་ནིའི་དོན་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཡིད་ཆེས་བསྐྱེད་བཅུགཔ་ཨིན་མས།

བཙག་འཐུ་གྲུབ་མི་ ཁྲོམ་དཔོན་ཚུ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་ལུ་ བློ་གཏད་ཡིད་ཆེས་བསྐྱེད་དེ་ རྒྱབ་སྐྱོར་འབད་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ སླབ་ཡོདཔ་བཞིན་དུ་ མ་གཞི་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་ད་ སེམས་དགའ་རུང་ འགན་འཁྲི་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་མས།

ཁྲོམ་སྡེ་ནང་ ས་དང་ སྒྲིང་ཁྱིམ་བཟུམ་མའི་ རྒྱུ་དངོས་ཡོད་མི་དང་ མི་རྩིས་ཡོད་མི་ཚུ་ དགའ་ཏོག་ཏོ་སྦེ་ བཞག་ནིའི་དོན་ལུ་ ཁྲོམ་དཔོན་གྱི་འགན་ཁུར་དེ་ ལྕི་དྲགས་སྦེ་ར་འདུག།

ཁྲོམ་དཔོན་བཙག་འཐུ་འབད་ནིའི་དོན་ལུ་ ཁྲོམ་སྡེ་༤ ནང་ ཚོགས་རྒྱན་བཙུགས་ནིའི་ དབང་ཆ་མ་ཐོབ་མི་ སྟོང་ཕྲག་ལས་བཅད་དེ་ཡོདཔ་ལས་ ལ་ལོ་ཅིག་ལུ་ ཁྲོམ་དཔོན་གསརཔ་ འོང་མི་ཚུ་ལུ་བརྟེན་ ཐད་ཀར་དུ་ བར་ཆད་རྐྱབ་ནི་ཨིན་མས།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྲིད་བྱུས་ཀྱི་ འགྱུར་བ་འབག་འོང་མི་དེ་གིས་ ཚོགས་རྒྱན་བཙུགས་མི་ དག་པ་ཅིག་ལུ་མ་གཏོགས་ ཕན་ཁྱད་འབྱུང་མི་ཚུགས་ནི་ཨིནམ་ད་ རྒྱལ་ས་ལྟེ་བ་ལུ་འབད་བ་ཅིན་ སྡོད་ཁྱིམ་པ་༡༠༠,༠༠༠ ལྷགཔ་ཅིག་ལུ་ ཐད་ཀར་དུ་ ཕན་གནོད་འབྱུང་ནི་ཨིན་མས།

ང་བཅས་རའི་ ཁྲོམ་སྡེ་ཚུ་ མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་མི་དང་བསྟུན་ མཁོ་འདོད་གསརཔ་ཚུ་ཡང་ ཐོན་དོ་ཡོདཔ་ད་ གནད་དོན་ལ་ལོ་ཅིག་ གསརཔ་དང་ ལ་ལོ་ཅིག་ རྙིངམ་ཚུ་ཡང་ འཐོན་སྲིད་ནི་ཨིན་མས།

ཡུན་བརྟན་འཐུང་ཆུ་དང་ འཁོར་ལམ་ དེ་ལས་ ཆུ་གཡུར་བཟུམ་མའི་ གཞི་རྟེན་ཞབས་ཏོག་ཚུ་ བཙག་འཐུ་ལས་གྲུབ་མི་ ཁྲོམ་དཔོན་གསརཔ་དང་ ས་དང་སྒྲིང་ཁྱིམ་ཡོད་མི་ ཇོ་བདག་ཚུ་གི་ གཙོ་རིམ་ཅན་ཅིག་ཨིན་མས།

དེ་བཟུམ་སྦེ་ སྤྲོ་གསེང་ས་ཁོངས་དང་ རྩེད་ཐང་ དེ་ལས་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་གི་ མཁོ་འདོད་ཡོད་མི་དེ་ ཡུན་རིང་གི་ དཀའ་ངལ་ཅིག་ཨིན་མས།

ཁྲོམ་སྡེ་ཚུ་ནང་ གནས་སྤོ་འོང་མི་ མང་སུ་ཐོན་མི་དེ་གིས་ མཐུན་རྐྱེན་ཉུང་སུ་ཅིག་ལས་མེད་མི་ ཁྲོམ་སྡེ་ཚུ་ལུ་ ཨུ་ཚུགས་བྱུང་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ ཐིམ་ཕུག་ལུ་ ཁྲོམ་སྡེའི་ འཆར་གཞི་དང་འཛིན་སྐྱོང་དབང་ཚད་ བཙག་འཐུ་གྲུབ་མི་ཁྲོམ་དཔོན་དང་ ཁོ་རའི་ ཚོགས་སྡེ་ལུ་སྤྲོད་དེ་ ལོ་ངོ་བཅུ་ཕྲག་ལང་རུང་ ད་ལྟོའི་བར་ན་ཡང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་དང་ ཁྲོམ་སྡེའི་དབུལ་ཕོངས་དཀའ་ངལ་ དེ་ལས་ སྣུམ་འཁོར་བཞག་ས་མེད་པའི་ དཀའ་ངལ་ཚུ་ ཡར་འཕར་འགྱོཝ་ཨིན་མས།

ཚོང་འབྲེལ་ལྟེ་བ་ཅིག་ཨིན་མི་ ཕུན་ཚོགས་གླིང་ལུ་ཡང་ མི་དང་སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཡོདཔ་ལས་ ཚུལ་མཐུན་གོང་འཕེལ་དགོ་པའི་ མཁོ་འདོད་ཡོདཔ་ད་ བཙག་འཐུ་གྲུབ་མི་ ཁྲོམ་དཔོན་གྱིས་ ལེགས་བསྒྱུར་འབག་འོང་ཚུགས་པའི་ རེ་བ་འདུག།

དགེ་ལེགས་ཕུག་བཟུམ་ཅིག་འབད་རུང་ ས་ཐང་གོ་ཡངས་དྲགས་སྦེ་ཡོད་ནི་དེ་གིས་ འཐུང་ཆུ་བཟུམ་མའི་ གཞི་རྟེན་མཐུན་རྐྱེན་ཚུ་གི་ ཁས་བླངས་མེན་པར་ ཁྲོམ་གོང་འཕེལ་གཏང་ནིའི་ འཆར་གཞི་སྦོམ་ཚུ་ལུ་ གཙོ་རིམ་བཟུང་དགོཔ་འདུག།

ཁྲོམ་སྡེའི་དོན་ལུ་ གོང་འཕེལ་གྱི་རེ་འདུན་ཟེརཝ་ད་ ཁྲོམ་ནང་སྡོད་མི་ཚུ་གི་ དགོས་མཁོ་དང་ ཞབས་ཏོག་ཚུ་ ཚུལ་མཐུན་བསྒྲུབ་བྱིན་དགོཔ་ལས་ བཙག་འཐུ་ལས་གྲུབ་མི་ ཁྲོམ་དཔོན་ཚུ་ ཡིག་ཚང་རྩིས་མ་ལེན་པའི་ཧེ་མར་ དྲན་གསོ་འབད་དགོཔ་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *