གཏེར་རྫས་ཀྱི་ ཐོན་ཁུངས་ཚུ་ འབྲུག་མི་ཡོངས་ལུ་ ཐོབ་དབང་ཡོདཔ།

༉ འབྲུག་གཞུང་གིས་ ས་གཏེར་སྡེ་ཚན་དེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་ནིའི་ འོས་འབབ་སྦོམ་ཡོད་མི་ཅིག་འབདཝ་ལས་ ནོརབུ་ལྔ་གི་གྲངས་སུ་ ངོས་འཛིན་འབད་དེ་ཡོདཔ་ཨིན།

རྩ་ཁྲིམས་ཆེན་མོའི་ རྩ་ཚན་དང་པའི་རྩ་དོན་༡༢ པའི་ནང་འཁྲིལ་རུང་ གཏེར་རྫས་ཀྱི་ ཐོན་ཁུངས་དང་ གཙང་ཆུ་ མཚོ་ ནགས་ཚལ་ཚུ་གི་ ཐོབ་དབང་འདི་ རྒྱལ་ཁམས་ལུ་ ཡོད་པའི་ཁར་ དེ་ཚུ་ རྒྱལ་ཁམས་ཀྱི་ རྒྱུ་དངོས་ཨིནམ་ལས་ ཁྲིམས་ཐོག་མཚམས་འཛིན་འཐབ་དགོཔ་ཨིན་མས།

དེ་འབདཝ་ལས་ རྒྱལ་ཁབ་ཀྱི་ ས་གཏེར་དང་ གཏེར་ཁའི་རིགས་ཚུ་ ཚུལ་ལྡན་ཐོག་ ཕྱིར་བཏོན་དང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ རྒྱལ་ཁམས་ས་གཏེར་ལས་འཛིན་ གཞི་བཙུགས་འབད་མི་དེ་ཡང་ མ་འོངས་པ་ལུ་ གཏེར་རྫས་ཀྱི་ཐོན་ཁུངས་ཚུ་ རྒྱལ་ཁམས་ཀྱི་ བདག་དབང་ཐོག་ལུ་ གཉེར་འཛིན་འབད་ཐབས་ལུ་ཨིན་མས།

ས་གཏེར་དང་ རྡོ་བཏོན་གྱི་ལཱ་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ཁྲིམས་ཐོག་མཚམས་འཛིན་འཐབ་ནིའི་དོན་ལུ་ ས་གཏེར་དང་ གཏེར་ཁ་འཛིན་སྐྱོང་བཅའ་ཁྲིམས་༡༩༩༥ ཅན་མ་དེ་ འདས་པའི་སྤྱི་ཚོགས་ནང་ འཕྲི་སྣོན་གྱི་དོན་ལུ་ བཙུགས་ཡོདཔ་བཞིན་དུ་ དཔྱད་ཡིག་དེ་ ཆ་འཇོག་མ་གྲུབ་ཚུན་ཚོད་ གཞུང་གིས་ ཆོག་ཐམ་གསརཔ་སྤྲོད་ནི་དང་ བསྐྱར་གསོ་འབད་ནི་ཚུ་ གནས་སྐབས་ཅིག་ མཚམས་འཇོག་འབད་ནུག།

ཨིན་རུང་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ མཚམས་འཇོག་འབད་མི་དེ་ ཆ་ཆེད་བཏང་མི་ལུ་བརྟེན་ བསྐྱར་ཞིབ་ཚོགས་ཁང་ངམ་ རྒྱལ་ཡོངས་ཚོགས་སྡེ་གིས་ བློན་ཆེན་ལུ་ སྤྱི་ཚོགས་ཀྱིས་ ཐག་བཅད་མི་ལུ་ ཡིད་ཆེས་མིན་འདུག་ཟེར་ ཡི་གུ་བྲིས་ནུག།

སྤྱི་ཟླ་༩ པའི་ཚེས་༡༠ ལུ་ ས་གཏེར་ལས་ཁུངས་ཀྱིས་ ས་གཏེར་དང་ གཏེར་ཁ་ཕྱིར་བཏོན་འབད་ནི་གི་ དང་འདོད་ཡོད་མི་ཚུ་གིས་ ས་གཏེར་གླར་སྤྱོད་ཀྱི་ ཞུ་ཡིག་བཙུགས་དགོ་པའི་ ཁྱབ་བསྒྲགས་འབད་དེ་ ཉིནམ་༢ ཀྱི་རྒྱབ་ལས་ ཚོགས་སྡེ་གིས་ ཁ་ཚིག་བཟོ་མི་དང་འཁྲིལ་ ཆོག་ཐམ་གསརཔ་སྤྲོད་ནི་དང་ དུས་ཡུན་བསྐྱར་གསོ་འབད་ནི་ཚུ་ མཚམས་འཇོག་འབད་དགོཔ་སྦེ་ ཡི་གུ་བཏང་ནུག།

བློན་ཆེན་གྱིས་འབད་བ་ཅིན་ ཚོགས་སྡེ་གིས་ སླབ་མི་ལུ་ ངོས་ལེན་ཡོདཔ་བཞིན་དུ་ ད་ལྟོ་ ཆོག་ཐམ་སྤྲོད་ནི་ལུ་ གཞུང་ལས་ ཐག་ག་ནི་ཡང་ མ་བཅད་པར་ཡོད་ཟེར་ཨིན་རུང་ སྤྱི་ཟླ་༨ པའི་ཚེས་༢༡ ལུ་ གཞུང་གིས་ འབྲུག་ཤར་ཕྱོགས་རྡོ་སོལ་གྱི་ གླར་སྤྱོད་ཚེས་གྲངས་ཡང་ དུས་ཅི་ སྤྱི་ཟླ་༡༢ པ་ཚུན་ ཕར་འགྱངས་འབད་ཡོདཔ་ཨིན་མས།

ས་གཏེར་ལག་ལེན་གྱི་ ཆོག་ཐམ་གསརཔ་སྤྲོད་ནི་ཚུ་ སྤྱི་ལས་༢༠༡༤ ལས་༢༠༡༩ ཚུན་ བཀག་ཆ་འབད་མི་དེ་ཡང་ ས་གཏེར་གོང་འཕེལ་སྲིད་བྱུས་ བསྐྱར་གསོ་འབད་ཐབས་ལུ་ཨིནམ་ད་ བཀག་འཛིན་འབད་མི་དེ་ ཆ་མེད་གཏང་དགོ་པ་ཅིན་ བཅའ་ཁྲིམས་འཕྲི་སྣོན་འབད་དགོཔ་ཨིན་མས།

རྒྱལ་ཡོངས་ཚོགས་སྡེ་གིས་ ཉོགས་བཤད་བཀོད་མི་དེ་ཡང་ གཏེར་རྫས་ཀྱི་ ཐོན་ཁུངས་ཚུ་གིས་ འབྱོར་པ་ཅན་གྱི་ བཟའ་ཚང་གྱངས་ཁ་ཆོདཔ་ཅིག་ལུ་མ་གཏོགས་ སྤྱིར་བཏང་མི་མང་ལུ་ ཕན་ཐོགས་མ་བྱུང་པའི་ཁར་ དེ་གིས་ ཡོདཔ་དང་མེད་པའི་བར་ན་ ལྷག་པར་དུ་ ཁྱད་པར་བཟོ་ཉེན་ཡོད་མི་ལུ་བརྟེན་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་འཇུག་ཅིག་འབད་མིའི་ནང་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཁབ་ནང་ ས་གཏེར་དང་ རྡོ་བཏོན་མི་ ལས་སྡེ་༤༨ ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་  ལས་སྡེ་ཅིག་གི་ ཐོ་དང་འཁྲིལཝ་ད་ ས་གཏེར་ཚུ་གི་གྲས་ལས་ རྡོ་སོལ་གྱི་ཐོན་ཁུངས་ བརྒྱ་ཆ་༡༤ མི་ཕུད་རྡོག་གཅིག་གིས་ འཆང་སྤྱོད་འབད་མི་དེ་ མི་སེར་༡༨༥,༡༤༦ དང་འདྲ་མཉམ་ཨིན་པའི་ཁར་ བཟའ་ཚང་ཅིག་ལུ་ མི་སེར་༢༠༧,༩༦༢ ཀྱིས་ བདག་བཟུང་འབད་མི་ ཐོན་ཁུངས་དང་ འདྲ་མཉམ་ཨིན་མས།

འདི་བཟུམ་སྦེ་ རྡོ་དཀར་ཇིབ་སམ་དེ་ མི་༦ གིས་ བདག་བཟུང་འབད་མི་དེ་ མི་སེར་༡༠༠,༩༤༢ དང་འདྲ་མཉམ་ཨིནམ་བཞིན་དུ་ མི་༡ གིས་ མི་སེར་༡༦,༨༢༤ གི་ རྒྱུ་ནོར་འཆང་སྤྱོད་འབདཝ་ཨིན་མས།

གལ་སྲིད་ གཏེར་རྫས་ཀྱི་ཐོན་ཁུངས་ཚུ་ འབྲུག་མི་མང་ཤོས་ཅིག་ལུ་ ཕན་ཐོགས་ཚུགསཔ་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་ཡོདཔ་ བཟོ་དགོ་པ་ཅིག་ ས་གཏེར་དང་ གཏེར་ཁ་འཛིན་སྐྱོང་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ འཕྲི་སྣོན་འབདཝ་དང་འབྲེལ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ ས་གཏེར་གྱི་རིགས་ མ་འོངས་པའི་ མི་རབས་ཚུ་གི་དོན་ལུ་ ལེགས་ཤོམ་སྦེ་ གཉེར་འཛིན་འབད་དེ་ སྲིད་སྐྱོང་གི་དབང་ལུ་ ཐལ་བཅུག་ནི་མི་འོང་།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *