གཅེས་སྐྱོང་པ་ཚུ་གིས་ མོ་བཏབ་གཅེས་སྐྱོང་སྦྱོང་བརྡར་ འབད་བའི་བསྒང་།

གཅེས་སྐྱོང་པ་ཚུ་ལུ་ མོ་བཏབ་གཅེས་སྐྱོང་སྦྱོང་བརྡར་ལས་རིམ་ འགོ་བཙུགས་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ཨེ་ཤེ་ཡ་རྒྱལ་ཁབ་ཚུ་གི་གྲས་ལས་ གཅེས་སྐྱོང་པ་ཚུ་ལུ་ གཅེས་སྐྱོང་ལས་རིམ་བྱིན་མི་ འགོ་དང་པ་ཨིན་མི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ བཀྲིས་སྒང་རྫོང་ཁག་ནང་ གཅེས་སྐྱོང་པ་ཚུ་ལུ་ གཅེས་སྐྱོང་སྦྱོང་བརྡར་ལས་རིམ་ འགོ་བཙུགས་ནི་དེ་གིས་ཨིན་པས།

དེ་ཡང་ ཤེས་རིག་ལྷན་ཁག་དང་ འཛམ་གླིང་རྒྱལ་ཁབ་གཅིག་ཚོགས་ རྒྱལ་སྤྱི་ཨ་ལོའི་གློ་བུར་མ་དངུལ་༢ ཀྱིས་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ སློབ་སྟོན་པ་ཚུ་ལུ་ གཅེས་སྐྱོང་དང་ འཕྲོད་བསྟེན་ དེ་ལས་ འདུ་ཤེས་དང་འབྲེལ་བའི་གནད་དོན་ཚུ་གུ་ དམིགས་གཏད་བསྐྱེད་དེ་ སྦྱོང་བརྡར་བྱིནམ་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ གཅེས་སྐྱོང་དེ་གིས་ ཨ་ལོ་གོང་འཕེལ་གཏང་ནི་དང་ ཁོང་གི་གནས་སྟངས་གོང་འཕེལ་ལུ་ ཁེ་ཕན་ཡོད་ཟེར་ཨིནམ་ད་ ད་རེས་ གཅེས་སྐྱོང་པའི་འཕྲོད་བསྟེན་དང་ འདུ་ཤེས་གོང་འཕེལ་གཏང་ནིའི་ནང་ དེ་ཅིག་ར་ གཙོ་བོར་མ་བཏོན་པས་ཟེར་ཨིན་པས།

སྦྱོང་བརྡར་དེ་ བསླབ་སྟོན་དང་ གཅེས་སྐྱོང་པ་ཚུ་གི་ ཚ་གྱང་འཛིན་སྐྱོང་འབད་ནི་ རང་གི་རང་བདག་འཛིན་འཐབ་ནི་དང་ དཀའ་ངལ་སེལ་ཐབས་འབད་ནི་ དེ་ལས་ བཟའ་ཚང་འབྲེལ་གཏོགས་བཞག་ནི་དང་ མི་སྡེའི་ནང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།

འཛམ་གླིང་རྒྱལ་ཁབ་གཅིག་ཚོགས་ རྒྱལ་སྤྱི་ཨ་ལོའི་གློ་བུར་མ་དངུལ་ཡིག་ཚང་གི་ངོ་ཚབ་ མཁས་དབང་ ཝིལ་པག་གིས་འབད་བ་ཅིན་ ལས་རིམ་དེ་ གཅེས་སྐྱོང་པ་དང་ བཟའ་ཚང་ལུ་དམིགས་ཏེ་ཨིནམ་ད་ དེ་ཡང་ བཟའ་ཚང་ལུ་ རྒྱབ་སྐྱོར་འབད་དེ་ ཨ་ལོ་ཉེན་སྐྱོབས་འབད་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།

ལས་རིམ་དེ་ འབྲུག་རྒྱལ་ཁབ་འབད་བ་ཅིན་ འཕྲོད་བསྟེན་ཡར་དྲག་དང་གོང་འཕེལ་ དེ་ལས་ ཨ་ལོ་ཆུང་ཀུའི་བསྒང་ལས་ ལེགས་ཤོམ་སྦེ་ བཞག་ཐབས་ལུ་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཤེས་རིག་ལྷན་ཁག་གི་དྲུང་ཆེན་ ཀརྨ་ཚེ་རིང་གིས་འབད་བ་ཅིན་ ཨོ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བའི་ལས་རིམ་གྱི་ ཆ་ཤས་གཙོ་བོ་ཅིག་ཨིནམ་ལས་ དགོས་མཁོ་ཆེ་བའི་ ལས་རིམ་ཅིག་ཨིན་ཟེར་ཨིན་པས།

ངོས་ལེན་ཅན་གྱི་ གཅེས་སྐྱོང་ལུ་བརྟེན་ མ་འོངས་པ་ལུ་ ཨ་ལོ་དང་ཕམ་གི་ བརྩེ་གདུང་ལུ་ཁེ་ཕན་འབྱུང་ཞིནམ་ལས་ ཨ་ལོའི་འཕྲོད་བསྟེན་དང་ གོང་འཕེལ་གཏང་སྟེ་ ལྷབ་སྦྱང་ནང་ གྲུབ་འབྲས་ལེགས་ཤོམ་འཐོན་ཐབས་ལུ་ ཁག་ཆེ་བའི་ལས་རིམ་ཅིག་ཡང་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།

བཅའ་མར་གཏོགས་མི་ འཆི་མེད་དབང་མོ་གིས་འབད་བ་ཅིན་ ལས་རིམ་དེ་གིས་ ཨ་ལོ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།

གཅེས་སྐྱོང་པ་ཚུ་ལུ་ རྒྱབ་སྐྱོར་འབད་བ་ཅིན་ ཁོང་གིས་ ཁོ་རའི་དཀའ་ངལ་ཚུ་ ཧ་གོ་ནི་དང་ འཛིན་སྐྱོང་འཐབ་ནི་ དེ་ལས་ ཐབས་ལམ་ཚུ་བཏོན་ནིའི་ ཁེ་ཕན་འདུག་ཟེར་ མོ་གིས་བཤདཔ་ཨིན་པས།

བཅའ་མར་གཏོགས་མི་ འཇིགས་མེད་ཆོས་སྒྲོན་གྱིས་འབད་བ་ཅིན་ ལས་རིམ་དེའི་སྐོར་ལས་ ཨ་ལོའི་ཕམ་དང་ མི་སྡེ་ནང་ སྤེལ་ཚུགས་པ་ཅིན་ ཨ་ལོ་གཅེས་སྐྱོང་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ ཨ་ལོ་དེ་ གཅེས་སྐྱོང་ལྟེ་བ་ནང་མ་ལྷོདཔ་ལས་ ག་ཅིའི་ཐད་ལས་འབད་རུང་ ལེགས་ཤོམ་འོང་ནིའི་ གོ་སྐབས་འདུག་ཟེར་ཨིན་པས།

ཤེས་རིག་ལྷན་ཁག་གི་ ཨ་ལོ་གཅེས་སྐྱོང་མཁས་མཆོག་ ཀརྨ་དགའ་ལེགས་ཀྱིས་ སླབ་མིའི་ནང་ སྦྱོང་བརྡར་དེ་ གཅེས་སྐྱོང་པ་ཚུ་གི་ གཅེས་སྐྱོང་དང་འབྲེལ་བའི་གནད་དོན་ཚུ་ ཧ་གོ་ཐབས་དང་ ད་ལྟོ་ཡོད་པའི་ ཕ་མའི་སྐྱོང་བཞག་གི་ ལས་རིམ་རིག་རྩལ་ཚུ་ ཧ་གོ་ཐབས་ལུ་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བཟའ་ཚང་གཅིག་ཁར་ལཱ་འབད་བ་ཅིན་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་གཏང་ནིའི་ནང་ གོ་སྐབས་ཡོད་ཟེར་ཨིནམ་ད་ དེ་གིས་ བཟའ་ཚང་གི་འདུ་ཤེས་ ཡར་དྲག་གཏང་ནི་ལུ་ རིག་རྩལ་དང་ སྡོད་གནས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་གོ་སྐབས་ཡོད་ཟེར་ཨིན་པས།

ལས་རིམ་དེ་ འགོ་དང་པ་ཨིནམ་ལསས་ ལག་ལེན་འཐབ་པའི་སྐབས་ ལྟ་རྟོག་དང་ དབྱེ་ཞིབ་ཚུ་འབད་ནི་ཨིནམ་ད་ དེ་ལུ་བརྟེན་ཏེ་ཐོབ་མི་ ཞིབ་རྟོག་ཚུ་དང་འཁྲིལ་ རྒྱལ་ཁབ་མཐའ་དབུས་མེད་པར་ ལས་རིམ་དེ་ འགོ་མ་བཙུགསཔ་ལས་ ལེགས་བཅོས་འབད་ནི་ཟེར་ཨིན་པས།

ཀརྨ་དགའ་ལེགས་ཀྱིས་ སླབ་མིའི་ནང་ ལས་རིམ་དེ་ མོ་བཏབ་ཀྱི་དོན་ལུ་ བཀྲིས་སྒང་དང་ སྤུ་ན་ཁ་ དེ་ལས་ རྩི་རང་རྫོང་ཁག་ཚུ་ནང་ འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ལས་རིམ་དེ་ མཐར་འཁྱོལ་ཅན་སྦེ་འབྱུང་པ་ཅིན་ ད་ལྟོ་ཡོད་པའི་ ཕ་མའི་སྐྱོང་བཞག་དང་སྦྲགས་ཏེ་ གཅེས་སྐྱོང་ལྟེ་བ་ ག་རའི་ནང་ འགོ་བཙུགས་འོང་ཟེར་ཨིན་པས།

གཅེས་སྐྱོང་པའི་ མཁོ་ཆས་ཚུ་ཡང་ འབྲུག་པའི་མི་དང་མཐུནམ་སྦེ་ བཟོ་ཡོདཔ་ད་ དེ་ཡང་ ཤེས་རིག་ལྷན་ཁག་དང་ འཛམ་གླིང་རྒྱལ་ཁབ་གཅིག་ཚོགས་ རྒྱལ་སྤྱི་ཨ་ལོའི་གློ་བུར་མ་དངུལ་ཡིག་ཚང་གིས་ བཟོ་ཡོདཔ་ཨིན་པས།

གཞུང་གིས་ སྤུས་ཚད་ཡོད་པའི་ ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བ་བཟོ་ནི་ལུ་ གཙོ་བོར་བཏོན་མི་དང་བསྟུན་ སྤྱི་ལོ་༢༠༢༣ ལུ་ གཅེས་སྐྱོང་གོང་འཕེལ་ལྟེ་བ་ བརྒྱ་ཆ་༥༠ དང་ སྤྱི་ལོ་༢༠༣༠ ལས་ བརྒྱ་ཆ་༡༠༠ ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ གཅེས་སྐྱོང་སྦྱོང་བརྡར་ལས་རིམ་ནང་ གཅེས་སྐྱོང་སློབ་སྟོན་པ་༢༥ དང་ ཤེས་རིག་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *