གཅུང་ཁ་སློབ་གྲྭ་ཆུང་བའི་ནང་ རྐོང་ནད་དང་ པགས་ནད་ ཚད་འཛིན་འབད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༦ ལུ་ ཆུ་ཁ་གཅུང་ཁ་སློབ་གྲྭ་ཆུ་བའི་ སློབ་ཕྲུག་༤༥ དེ་ཅིག་ལུ་ རྐོང་ནད་དང་ གཟུགས་ཀྱི་པགས་ཀོ་ལུ་ རྨ་ཐོན་མི་དེ་ ད་ལྟོ་ ཚད་འཛིན་འབད་ཚུགས་ཏེ་ཡོདཔ་ཨིན་པས།
སློབ་གྲྭའི་གསོ་བའི་མཉམ་འབྲེལ་པ་ ལྷ་མོ་གིས་ སླབ་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༣ ལུ་ སློབ་ཕྲུག་༡༠ གྱིས་ གཟུགས་ལུ་ རྨ་ཐོན་ཡོད་པའི་ སྙན་ཞུ་འབད་བའི་ཤུལ་ལས་ ཨ་ལོ་ལེ་ཤ་ཅིག་ལུ་ པགས་ཀོའི་ནད་འཐོན་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༦ ལུ་ ཝང་ཆུ་སྨན་ཁང་གི་ དྲུང་འཚོ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ སློབ་ཕྲུག་ཚུ་ པགས་ཀོའི་ནད་ཐོབ་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
གསོ་བའི་འཕྲོད་བསྟེན་མཉམ་འབྲེལ་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ གནམ་བྱཱར་འབདཝ་ལས་ སྤྱི་ཟླ་༦ པའི་ཚེས་༡ ལས་ སློབ་ཕྲུག་ཚུ་གིས་ ཀྲེབ་ཀྲེམ་གཙུགས་ནི་ འགོ་བཙུགས་པའི་སྐབས་ འབུབ་དང་ པདཔ་ལ་སོགས་པ་ཚུ་གིས་ སོ་བཏབ་མི་ལུ་བརྟེན་ ནད་གཞི་དེ་ ཐོབ་ཐོབ་བཟུམ་ཅིག་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ནད་གཞི་དེ་ ལོ་བསྟར་བཞིན་དུ་ སློབ་ཕྲུག་༡༠-༢༠ དེ་ཅིག་གིས་ འཐོབ་ནི་ཡོད་རུང་ ད་རེས་ སློབ་ཕྲུག་ལེ་ཤ་གིས་ ཐོབ་མི་དེ་ འགོ་དང་པ་ཨིནམ་ད་ གཅུང་ཁ་སློབ་གྲྭ་ཆུ་བ་དེ་ ནང་སྡོད་མཐུན་རྐྱེན་ཡོད་པའི་ སློབ་གྲྭ་ཅིག་ཨིནམ་ལས་ དེ་ནང་ སློབ་ཕྲུག་༡༢༠ དེ་ཅིག་ཡོདཔ་ཨིན་པས།
ད་ལྟོ་ སློབ་ཕྲུག་ཚུ་གི་ གནས་སྟངས་དེ་ ལེགས་ཤོམ་ཡོད་པའི་ཁར་ ནད་གཞི་ཐོབ་མི་ སྙན་ཞུ་གསརཔ་མ་ལྷོད་ཟེར་ཨིནམ་ད་ ནད་གཞི་དེ་ཡང་ སྐྱེས་ལོ་༦ ལས་༡༢ བར་ན་འབད་མི་ སློབ་ཕྲུག་ཚུ་ལུ་ཐོབ་སྟེ་ཡོད་ཟེར་ཨིན་པས།
ཝང་ཆུ་སྨན་ཁང་གི་ ཌོག་ཊར་སན་དེབ་ ཏ་མང་གིས་ སླབ་མིའི་ནང་ སློབ་གྲྭ་གསོ་བའི་འཕྲོད་བསྟེན་ མཉམ་འབྲེལ་པ་གིས་ སྙན་ཞུ་འབད་བའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༧ ལུ་ ཁོ་དང་ ཁོ་རའི་སྡེ་ཚན་ཅིག་ སློབ་གྲྭ་ནང་ སྨན་བཅོས་འབད་བར་ སོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མང་ཤོས་ར་ པགས་ཀོ་ལུ་ རྨ་ཐོན་ཡོདཔ་མ་ཚད་ སློབ་ཕྲུག་༤ ལུ་ གཟུགས་གཡའ་ནིའི་ ནད་གཞི་ཐོབ་ཡོདཔ་ལས་ དབུར་སྨན་དང་ རྨ་འཁྱུ་ནིའི་ སྨན་བཅོས་ཚུ་འབད་ཡི་ཟེར་ཨིན་པས།
ནད་གཞི་དེ་ ཐོབ་པའི་སྐབས་ དྲོད་འབར་ནི་དང་ རྨ་ཐོན་ཏེ་ གཟུགས་གཡའ་ནི་ཨིན་རུང་ བདུན་ཕྲག་༡ དང་ ཉིནམ་༡༠ དེ་ཅིག་གི་ནང་འཁོད་ལུ་ དྲག་ཚུགས་དོ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ བཤདཔ་ཨིན་པས།
ཌོག་ཊར་སན་དེབ་ ཏ་མང་གིས་འབད་བ་ཅིན་ ནད་གཞི་དེ་ཡང་ གཙོ་བོ་ར་ གཙང་སྦྲ་འཕྲོད་བསྟེན་མེད་མི་ལུ་བརྟེན་ བྱུང་ཡོདཔ་བཟུམ་འདུག་ཟེར་ཨིནམ་ད་ ནད་གཞི་བཀག་ཐབས་ལུ་ སློབ་དཔོན་དང་ སློབ་ཕྲུག་ཚུ་ལུ་ གཙང་སྦྲ་འཕྲོད་བསྟེན་གྱི་སྐོར་ལས་ གོ་བརྡ་སྤྲོད་ཅི་ཟེར་ཨིན་པས།
གཅུང་ཁ་སློབ་གྲྭ་ཆུང་བ་དེ་ དགེ་འདུ་ལས་ ཐིམ་ཕུག་ཁ་ཐུག་ ཀི་ལོ་མི་ཊར་༢༣ གྱི་ གཞུང་ལམ་འོག་ལུ་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *