གཅིག་མཐུན་གྱི་སྒོ་ལས་ འགན་ཁུར་འབག་དགོཔ།

༉ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ སྲིད་དོན་ཚོགས་པ་ སློབ་གྲྭ་ཁག་གི་ དམངས་གཙོའི་སྡེ་ཕྲན་ དེ་ལས་ ཞི་བའི་མི་སྡེ་ལས་ཚོགས་དང་ བརྡ་བརྒྱུད་ལ་སོགས་པ་ཚུ་གིས་ རྒྱལ་སྤྱི་དམངས་གཙོའི་རིང་ལུགས་ཀྱི་ ཉིནམ་བརྩི་སྲུང་འབདཝ་བཞིན་དུ་ རྒྱལ་ཁབ་ནང་ ལོ་ངོ་༩ ལྷགཔ་ཅིག་གི་ཧེ་མ་ གཞི་བཙུགས་འབད་མི་ དམངས་གཙོའི་བྱ་རིམ་ལུ་ བསམ་དཔྱད་དང་ བསྐྱར་ཞིབ་འབད་ནི་གི་ གོ་སྐབས་ཅིག་ཡང་བྱུང་ཡི།

དེ་ཡང་ ཐོ་བཀོད་ཅན་གྱི་ སྲིད་དོན་ཚོགས་པ་༥ གི་ ངོ་ཚབ་ཚུ་གིས་ འབྲུག་ལུ་ དམངས་གཙོའི་རིང་ལུགས་ཀྱི་ གནས་སྟངས་དེ་ ག་ཅི་བཟུམ་ཅིག་ནང་ ལྷོད་དེ་ཡོདཔ་ཨིན་ནའི་སྐོར་ རང་སོའི་བསམ་འཆར་དང་ ཉམས་མྱོང་ཚུ་ བརྗེ་སོར་འབད་མི་ལུ་ལྟཝ་ད་ གཅིག་ལས་འབད་བ་ཅིན་ ང་བཅས་རའི་ དམངས་གཙོའི་རིང་ལུགས་ ལེགས་ཤོམ་འགྱོ་བའི་ བརྡ་མཚོན་དང་ གཅིག་ལས་བལྟ་བ་ཅིན་ ཚ་གྱང་དང་ གདོང་ལེན་སྦོམ་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུང་ཡི།

འབྲུག་ལུ་ དམངས་གཙོའི་རིང་ལུགས་དེ་ ལེགས་པའི་ལམ་ཕྱོགས་ལུ་ ཞུགས་ཡོད་མི་དེ་ཡང་ སྤྱི་ལོ་༢༠༠༨ ལས་ཚུར་ སྤྱི་ཚོགས་དང་འབྲེལ་བའི་ བཙག་འཐུ་ལན་ཐེངས་༦ དང་ ས་གནས་གཞུང་གི་བཙག་འཐུ་ ལན་ཐེངས་༤ དེ་ལས་ དུས་མིན་བཙག་འཐུ་དང་ འདེམས་ཁོངས་ཚུ་ནང་ ས་སྟོང་བསུབ་མ་ཚུགས་པར་ ལུས་མི་ཚུ་ནང་ བཙག་འཐུ་འགོ་འདྲེན་འཐབ་མི་ཚུ་ མཐར་འཁྱོལ་བྱུང་ནི་དེ་གིས་ཨིན་མས།

འདི་འབདཝ་ད་ སྤྱི་ཚོགས་དང་འབྲེལ་བའི་ བཙག་འཐུ་ཐེངས་གསུམ་པ་དེ་ འགོ་འདྲེན་འཐབ་རན་མི་དང་བསྟུན་ སྲིད་དོན་ཚོགས་པ་ཚུ་ལུ་ ཚ་གྱང་ལང་ནི་དང་ སྤྱགས་སྡུག་འཐབ་ནི་ འགོ་བཙུགས་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ བཙག་འཐུའི་སྐབས་ མི་སེར་ཚུ་གིས་ རང་མོས་དང་ རྣམ་དག་གི་སྒོ་ལས་ རང་སོའི་ཚོགས་རྒྱན་གྱི་ ཐོབ་དབང་སྤྱོད་ནི་ལུ་ བར་ཆད་རྐྱབ་ཉེན་ཡོད་མི་ལུ་བརྟེན་ཨིན་མས།

འདི་འབདཝ་ལས་ ཁ་ཙའི་གྲོས་བསྡུར་ནང་ སྲིད་ཚོགས་ཀྱི་ འཐུས་མི་ལ་ལོ་ཅིག་གིས་ སྲིད་ཚོགས་ལུ་བརྟེན་ ང་བཅས་རའི་ མི་སྡེ་ཚུ་ སོ་སོར་དབྱེ་བཏངམ་མ་ཚད་ གཅིག་གིས་གཅིག་ལུ་ བློ་གཏད་དང་ ཡིད་ཆེས་མེདཔ་ བཟོ་བའི་ཁར་ ཚོགས་རྒྱན་དང་འབྲེལ་བའི་ གཡོ་སྒྱུ་དང་ ནང་གསུག་སྤྲོད་ལེན་ལ་སོགས་པའི་ བཙག་འཐུའི་བཅའ་ཁྲིམས་དང་ ཀུན་སྤྱོད་རྣམ་གཞག་ལས་འདས་པའི་ ལཱ་བྱ་འཐབ་ཉེན་ཡོད་མི་དེ་གིས་ དམངས་གཙོའི་རིང་ལུགས་ མདུན་སྐྱོད་འབད་ནི་ལུ་ བར་ཆད་རྐྱབ་ནི་གི་ ཚ་གྱང་ཡོད་ལུགས་བཤད་ཅི།

འདས་པའི་ཉམས་མྱོང་ཚུ་ལུ་ གཞི་བཞག་སྟེ་ མི་ལ་ལོ་ཅིག་གིས་ སླབ་མིའི་ནང་ སྲིད་དོན་དེ་ གཡོ་སྒྱུ་ཅན་དང་ སྲིད་དོན་པ་ཚུ་ བློ་གཏད་མ་ཚུགས་པའི་མི་སྦེ་ བརྩི་འཇོག་འབད་བའི་ ནམ་དུས་ལུ་ དམངས་གཙོའི་རིང་ལུགས་ ག་དེ་སྦེ་ ཡར་དྲག་གཏང་ཚུགས་ནི་སྨོ་ཟེར་ཨིན་མས།

ང་བཅས་ཀྱི་ མི་ཚུ་ལུ་ འདི་བཟུམ་མའི་ མནོ་ལུགས་ཡོད་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལུ་ གཞི་འཛིན་འབད་བའི་ གཞུང་སྐྱོང་ལམ་ལུགས་ཀྱིས་ རྒྱལ་ཁབ་དང་ མི་སེར་ལུ་ ཞབས་ཏོག་ལེགས་ཤོམ་སྦེ་ ཞུ་མི་ཚུགས་ནི་ཨིན་མས།

ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ བཙག་འཐུ་འགོ་འདྲེན་མ་འཐབ་པའི་ཧེ་མ་ འབྲུག་གི་དམངས་གཙོའི་རིང་ལུགས་ རྩ་བརྟན་བཟོ་ནི་དང་ སྲིད་དོན་ཚོགས་པ་ཚུ་ ཚུལ་མིན་ལག་ལེན་དང་ གཡོ་སྒྱུ་ཚུ་ནང་ ཞུགས་ནི་ལས་ སྔོན་འགོག་འབད་ནི་ཚུ་ནང་ ལྷན་ཐབས་འབད་ནི་གི་ གོ་སྐབས་སྦོམ་ཡོད།

དེ་གི་དོན་ལུ་ འབྲུག་མི་ཡོངས་ཀྱིས་ སྲིད་དོན་ནང་ ངན་ལྷད་ཞུགས་ནི་དང་ ཚུལ་མིན་ལག་ལེན་ཚུ་ བཀག་ཐབས་ལུ་ སྤྱི་རུབ་དང་ གཅིག་མཐུན་གྱི་སྒོ་ལས་ འགན་ཁུར་འབག་དགོཔ་མ་ཚད་ སྐུལ་བསྒྲགས་ཀྱི་སྐབས་ལུ་ རྒེད་འོག་དང་ གཡུས་ཚན་གྱི་ གནས་རིམ་ནང་ སྲིད་ཚོགས་ཀྱི་ ལཱ་འབད་མི་ཚུ་གིས་ ངན་ལྷད་དང་ གཡོ་སྒྱུའི་ལཱ་ཚུ་ འབད་སར་མཐོང་པ་ཅིན་ དེ་འཕྲོ་ལས་ འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་འབད་ནི་དེ་ཁག་ཆེ།

དེ་དང་གཅིག་ཁར་ མི་དབང་ཡབ་སྲས་རྣམ་གཉིས་ཀྱིས་ ཐུགས་ཧྲིལ་བུ་གཏད་དེ་ མི་སེར་ལུ་ གནང་བྱིན་སྦེ་གནང་མི་ དམངས་གཙོའི་རིང་ལུགས་ ལྷག་པར་དུ་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྣ་ཁྲིད་ཐོག་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ བཀའ་ཁྲིམས་ལས་ཁུངས་ བརྡ་བརྒྱུད་དང་ གཞུང་མིན་ལས་ཚོགས་ཚུ་དང་ མཉམ་འབྲེལ་འབད་ཐོག་ལས་ རང་སོའི་མི་ཚུ་ལུ་ ཀུན་སྤྱོད་རྣམ་གཞག་དང་ དྲང་སྤྱོད་ཚུ་ལུ་ གཙོ་རིམ་བཟུང་དགོ་པའི་ གོ་བརྡ་དང་ ཤེས་ཡོན་ཚུ་ ཁྱབ་སྤེལ་འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *