གཅིག་གིས་གཅིག་ལུ་ ཁ་ཉེས་འཕུལ་སྡོད་ནི་མེན་པར་ ཐབས་ལམ་བཏོན་དགོཔ།

༉ སྤྱི་ཚོགས་༢ པའི་ཚོགས་ཐེངས་༩ པའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་༢༠༡༧ ཅན་མའི་སྐོར་ གསུང་གྲོས་གནང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་འགལ་བའི་ རྩོད་རྙོགས་ཐོན་མི་དེ་ མེ་འབར་སྡོད་མི་གུ་ མར་ཁུ་བླུགས་དོ་བཟུམ་མའི་ གནས་སྟངས་ལུ་གྱུར་བའི་ མངོན་གསལ་བྱུངམ་མས།
དེ་ཡང་ གཞུང་གིས་ སྤྱི་ཚོགས་ལས་ གནང་བ་མེད་པར་ དངུལ་འབྲེལ་མཐུན་རྐྱེན་ཐོག་ལས་ སྤྱི་ལོ་༢༠༡༦ ལས་ ཁྲལ་དགོངས་ཡངས་གནང་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་སོ་ནུག་ཟེར་ ཁ་ཉེས་བཀལ་མི་དེ་ལུ་ བློན་ཆེན་གྱིས་ རྩ་ཁྲིམས་ལས་ འགལ་འགལཝ་མེད་ཟེར་ བདེན་ཁུངས་སྐྱེལ་ཏེ་ ངོས་ལེན་མཛད་མ་བཏུབ་མི་ལུ་བརྟེན་ ལྡོག་ཕྱོགས་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་གཉིས་རྐྱངམ་གཅིག་མེན་པར་ བསྐྱར་ཞིབ་ཚོགས་ཁང་ རྒྱལ་ཡོངས་ཚོགས་སྡེ་ཡང་ ཁོང་ཁྲོ་ལང་དགོ་པའི་ གཞི་གནད་ཅིག་ལུ་གྱུར་ནུག།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ འབྲུག་རྒྱང་བསྒྲགས་ཀྱི་ རྒྱང་མཐོང་ལས་རིམ་དང་ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ བརྡ་བརྒྱུད་ཀྱི་ གནས་ཚུལ་ཞལ་འཛོམས་སྐབས་ དྲི་བ་དྲིས་ལན་ནང་ གཞུང་ལུ་ སྐྱོན་བརྗོད་དང་ ཁ་ཉེས་བཀལ་མི་ཚུ་ལུ་ གཞི་ཁུངས་མེདཔ་ལས་ ངོས་ལེན་འབད་དགོཔ་མེད་ཟེར་ གསུངས་པའི་ཁར་ ལྡོག་ཕྱོགས་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁ་ཉེས་བཀལ་མི་དེ་ སྲིད་དོན་གྱི་ཐོག་ལས་ སྟབས་མ་བདེཝ་བཟོ་ནི་གི་ དམིགས་འཆར་ཨིནམ་སྦེ་གསུངས་ནུག།
རྒྱལ་ཡོངས་ཚོགས་སྡེ་དང་ ལྡོག་ཕྱོགས་ཚོགས་པ་ འབྲུག་མཉམ་རུབ་ཚོགས་པ་གིས་ བློན་ཆེན་ལུ་ གདོང་ལེན་འབད་མིའི་ནང་ དེ་བཟུམ་གསུངས་མི་དེ་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་གཉིས་ཆ་ར་ལུ་ མ་གུས་པར་ རྒྱུན་བརྟན་མེདཔ་བཟོཝ་མས་ཟེར་ སྐྱོན་བརྗོད་འབདཝ་མས།
གནད་དོན་དེ་གི་སྐོར་ལས་ རྩོད་འགྲན་འབད་མི་དང་ གཅིག་གིས་གཅིག་ལུ་ ཁ་གཏང་མི་དང་ ཧད་འཕུལ་འབད་མི་དེ་ རྒྱལ་ཡོངས་ཀྱི་དོན་ལུ་ ཐུགས་ཚ་གྱང་ཡོད་པའི་ རྟགས་མཚན་ཨིནམ་བཞིན་དུ་ དམངས་གཙོའི་རིང་ལུགས་ནང་ གཅིག་གིས་གཅིག་ལུ་ དམའ་ཕབ་རྐྱབ་ནི་དང་ ཁ་གཏང་ནི་ སྐྱོན་བརྗོད་འབད་ནི་ཚུ་ སྤྱིར་བཏང་འཛམ་གླིང་གི་ འགྲོ་ལུགས་ཅིག་ཨིནམ་ལས་ ང་བཅས་ཀྱིས་ ཡིད་ཆེས་བསྐྱེད་དགོཔ་ཅིག་ཨིན་མས།
འདི་བཟུམ་མའི་ ཕན་རླབས་ཆེ་བའི་ རྩོད་བསྡུར་དང་ གྲོས་གླེང་འབདཝ་ད་ གཙུག་སྡེ་དང་ འདུས་ཚོགས་ནང་འཁོད་ལུ་ དགག་བཤེར་དང་ ཚད་མཉམ་བཟོ་དོ་ཡོདཔ་ལས་ དམངས་གཙོའི་རིང་ལུགས་ནང་ ཁྱད་ཆོས་དང་ གཞི་རྩ་གཙོ་བོ་ཅིག་ཨིནམ་ད་ གལ་སྲིད་ དགག་བཤེར་དང་ ཚད་མཉམ་འབག་འོང་ནིའི་ ཐབས་ལམ་མེད་པ་ཅིན་ གཞུང་སྐྱོང་ཚོགས་པ་དང་ སྲིད་དོན་ཚོགས་པ་ ཐ་ན་ རྩ་ཁྲིམས་ཆེན་མོ་ གཞི་འཛིན་དང་ དོན་འགྲེལ་གནང་མི་ དྲང་ཁྲིམས་ལྷན་སྡེ་ལ་སོགས་པའི་ གཙུག་སྡེ་ཚུ་གིས་ཡང་ དབང་ཚད་ལོག་སྤྱོད་འབད་ནི་གི་ ཉེན་ཁ་སྦོམ་ཡོད།
རྩ་ཁྲིམས་ཆེན་མོ་གིས་ མི་སེར་རེ་རེ་བཞིན་དུ་ལུ་ ཁ་སླབ་དང་ བསམ་འཆར་བཤད་ནི་གི་ ཐོབ་དབང་དང་ དལ་དབང་ཚུ་ གནང་སྟེ་ཡོད་རུང་ གཅིག་གིས་གཅིག་ལུ་ ངོས་ལེན་དང་ བརྩི་མཐོང་ གུས་ཞབས་ལ་སོགས་པ་མེད་པ་ཅིན་ དཀའ་ངལ་དང་ ངར་འཛིན་ ཁ་ཉེས་ལ་སོགས་པ་ཚུ་ ནམ་ར་སེལ་མི་ཚུགས།
དངུལ་འབྲེལ་རྩོད་དོན་གྱི་ཐད་ལུ་ ལོ་ངོ་༦ གི་ཧེ་མར་ མངོན་མཐོ་ཁྲིམས་འདུན་གྱིས་ གྲོས་ཆོད་གནང་ཡོདཔ་ལས་ མགུ་འཐོམ་དང་ ཁྲིམས་ཀྱི་དོན་འགྲེལ་འབད་དགོཔ་ཅིག་ མི་མཐོང་དོ་ཡོད་མི་དེ་ཡང་ ཐད་ཀར་དང་ ཐད་ཀར་མེན་ཐོག་ལས་ ཁྲལ་བཀལ་བཞག་ནང་ སྤྱི་ཚོགས་ལས་ གནང་བ་མེད་པར་ བསྟར་སྤྱོད་འབད་མི་ཆོག་ཟེར་ གསལ་རིལ་རི་སེྦེ་འཁོད་དེ་འདུག།
དེ་མ་ཚད་ འདས་པའི་གཞུང་གིས་ རྩ་ཁྲིམས་ལས་ འགལ་བའི་ཁར་ སྤྱི་ཚོགས་ནང་ གསུང་གྲོས་མ་གནང་པར་ ཁེ་དབང་སྤྱོད་དེ་ སྣུམ་འཁོར་གྱི་ ཁྲལ་བསྡུ་ལེན་འབད་མི་ལུ་བརྟེན་ མངོན་མཐོ་ཁྲིམས་འདུན་གྱིས་ ཉམས་རྒུད་པ་ཚུ་ལུ་ ཏི་རུ་ལོག་སྤྲོད་དགོ་པའི་ བཀའ་རྒྱ་གནང་མི་དེ་ ད་རེས་ རྒྱལ་ཡོངས་ཚོགས་སྡེ་དང་ ལྡོག་ཕྱོགས་ཚོགས་པ་ འབྲུག་མཉམ་རུབ་ཚོགས་པ་༣ གྱིས་ གཡུ་པ་བཤེད་དེ་ གཞུང་གིས་ སྤྱི་ལོ་༢༠༡༦ ཟླ་དང་པ་ལས་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༧ ཚུན་ ཁྲལ་དགོངས་ཡངས་གནང་མི་ཚུ་ ལོག་བསྡུ་ལེན་འབད་དགོ་པའི་ བློ་འདོད་བཀོདཔ་ཨིན་མས།
འདི་འབདཝ་ལས་ གཅིག་གིས་གཅིག་ལུ་ ཉོགས་བརྡུང་ནི་དང་ འདས་པའི་གཞུང་གི་སྐབས་ལུ་ཡང་ ཁྲལ་གྱི་དགོངས་ཡངས་གནང་སྟེ་ཡོད་ཟེར་ ཕར་ཚུར་ཧད་འཕུལ་ཡི་ར་ བཞག་པ་ཅིན་ མ་འོངས་པའི་ གཞུང་ཚུ་གིས་ཡང་ ལམ་ལུགས་དེ་ ཧེ་མ་ལས་འདུག་ཟེར་ ཁུངས་སྐྱེལ་ཏེ་ དབང་ཚད་སྤྱོད་ནི་གི་ འོས་འབབ་སྦོམ་ཡོད།
ད་རེས་ཐོན་ཡོད་མི་ རྩོད་རྙོགས་དེ་ སེལ་དགོ་པ་ཅིན་ ཁྲིམས་ཀྱི་དོན་འགྲེལ་དང་ བར་ཞུགས་ཀྱི་དོན་ལུ་ ཁྲལ་ལུ་བརྟེན་ ཁེ་རྒུད་མ་བཏུབ་མི་གང་རུང་གིས་ འབྲེལ་ཡོད་དབང་འཛིན་དེ་ ཁྲིམས་སར་བསྐྱལ་ནི་མ་གཏོགས་ ཐབས་ལམ་གཞན་མི་མཐོང་པས་ཟེར་ ཞུ་ནི་ཨིན།

About admin

Check Also

ཕན་རླབས་ཅན་གྱི་ འཆར་གཞི་བརྩམ་ནི་དང་ གྲོས་ཐག་གཅད་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ ཡུན་མ་རིངམོ་ཅིག་གི་ཧེ་མར་ གཞུང་གིས་ ཁྱིམ་ནང་ལཱ་འབད་མི་ ཕྱི་ཁའི་ལས་མི་ཚུ་ ནང་འདྲེན་འབད་མ་ཆོག་པའི་ བཀག་ཆ་འབད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཕྱི་ཁའི་ལཱ་འབད་མི་ དམིགས་བསལ་དུ་ ན་གཞོན་བུམོ་ཚུ་དང་འབྲེལ་བའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་མས། མ་གཞི་ འདི་བཟུམ་མའི་ …

Leave a Reply

Your email address will not be published. Required fields are marked *