ཨ་མཱན་ཀོ་ར་ཟ་ཁང་དང་ འབྲུག་གཞི་ཚོགས་༢ ཀྱིས་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་ལུ་ དངུལ་འཛིན་ཅཱེག་ ཕུལ་བའི་བསྒང་།

གཅན་གཟན་སྟག་ ཞིབ་འཚོལ་གྱི་དོན་ལུ་ ཞལ་འདེབས་བྱིན་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ རྒྱལ་ཁབ་ནང་ སྟག་ཉམས་སྲུང་འབད་ནིའི་ སེམས་ཤུགས་བསྐྱེད་ཐབས་ལུ་ ཨ་མཱན་ཀོ་ར་ཟ་ཁང་དང་ འབྲུག་གཞི་ཚོགས་༢ མཉམ་འབྲེལ་ཐོག་ལས་ དགེ་ལེགས་ཕུག་ ལུང་ཕྱོགས་སྟག་ཞིབ་འཚོལ་ལྟེ་བ་ལུ་ དངུལ་ཀྲམ་༦༣༠,༠༠༠ དེ་ཅིག་ གྲོགས་རམ་སྦེ་བྱིན་ཡི།
མ་དངུལ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ཊུར་ཨོཕ་ད་ཌེ་གཱོན་ཟེར་ བུམ་ཐང་ལས་ ཐིམ་ཕུག་ཚུན་ རྐང་འཁོར་གྱི་ རྒྱུག་འགྲན་ལས་རིམ་ཐེངས་༨ པ་ འགོ་འདྲེན་འཐབ་པའི་སྐབས་ བསྡུ་ལེན་འབད་ཡོདཔ་བཞིན་དུ་ མ་དངུལ་དེ་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་དང་ འབྲེལ་ཡོད་འགོ་དཔོན་ཚུ་ འཛོམས་ཐོག་ལས་ ལྟེ་བ་ལུ་ རྩིས་སྤྲོད་འབད་ཡི།
ལྟེ་བ་དེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ སེམས་ཅན་སྟག་དང་ གཅན་གཟན་གྱི་རིགས་ དེ་ལས་ ཨེ་ཤི་ཡཱན་རྒྱལ་ཁབ་ནང་ཡོད་པའི་ སྟག་གི་བརྡ་དོན་ཚུ་ དུས་ཚོད་ཁར་ སྤྲོད་ཐབས་ལུ་ སྤྱི་ཟླ་༧ པའི་ནང་ དགེ་ལེགས་ཕུག་ལུ་སྦེ་ གཞི་བཙུགས་འབད་ནུག།
སོ་ནམ་བློན་པོ་གིས་ གཅན་གཟན་ཚུ་གི་གྲས་ལས་ སྟག་དེ་ ཉམས་ཉེན་ཅན་གྱི་ རིགས་ཅིག་ཨིནམ་ལས་ ང་བཅས་ཀྱིས་ ཉམས་སྲུང་འབད་བ་ཅིན་ སེམས་ཅན་གཞན་ཚུ་ཡང་ ཉམས་སྲུང་འབད་དོ་བཟུམ་ཨིན་ཟེར་ བཤད་ཅི།
དུས་ཅི་ སྤྱི་ཟླ་༡༡ པའི་ནང་ འབྲུག་ཉམས་སྲུང་ཟེར་མི་ཅིག་ཡང་ གཞི་བཙུགས་འབད་ནིའི་ ལས་འཆར་ཡོདཔ་ད་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ སེམས་ཅན་ཉམས་སྲུང་འབད་བའི་ གྲུབ་འབྲས་ཅིག་ཨིན་ཟེར་ བློན་པོ་གིས་ བཤད་ཅི།
འབྲུག་ཉམས་སྲུང་ཟེར་མི་དེ་གིས་ གཅན་གཟན་སྟག་རྐྱངམ་གཅིག་ལུ་མེན་པར་ སྐྱེ་ལྡན་གནས་སྟངས་ཀྱི་ རིམ་ལུགས་ཚུ་ལུ་ཡང་ ཁེ་ཕན་བྱུང་ཚུགས་ནི་ཨིན་པས།
ལྟེ་བའི་མདོ་ཆེན་ ཚེ་རིང་བསྟན་པ་གིས་ སླབ་མིའི་ནང་ མ་དངུལ་དེ་གིས་ ན་གཞོན་ཚུ་ལུ་ སྟག་ཉམས་སྲུང་སྐོར་ལས་ གོ་བ་བརྡ་སྤྲོད་དང་ ཉམས་སྲུང་སྦྱོང་བརྡར་བྱིན་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཅན་གཟན་སྟག་དེ་ ཉམས་ཉེན་ཆེ་བའི་ སྟག་རིགས་ཅིག་ཨིནམ་ལས་ སྟག་ཡོད་པའི་ རྒྱལ་ཁབ་ཚུ་ནང་ ཤ་བདའ་མི་ཚུ་གིས་ གཅན་གཟན་ལུ་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ སྟག་གི་གྱངས་ཁ་ མར་བབས་སོང་སྟེ་ཡོདཔ་མ་ཚད་ གོང་འཕེལ་གྱི་ ལས་སྣ་ཚུ་ ལག་ལེན་འཐབ་ད་ ནགས་ཚལ་མེདཔ་བཏང་མི་དེ་གིས་ཡང་ སྟག་འཁྱམས་སའི་ ས་ཁོངས་ཚུ་ལུ་ བར་ཆད་རྐྱབ་ཨིན་མས་ཟེར་ཨིན་པས།
མ་གཞི་ འབྲུག་རྒྱལ་ཁབ་ནང་ ཤ་བདའ་མི་ ལེ་ཤ་མེད་པའི་ཁར་ སེམས་ཅན་འཁྱམས་སའི་ ས་ཁོངས་མེདཔ་བཏང་པའི་ དཀའ་ངལ་སྦོམ་མེད་རུང་ ད་རེས་ནངས་པར་ མི་རློབས་ཡར་འཕར་འགྱོ་དོ་ཡོདཔ་ལས་ མ་འོངས་པར་ དེ་བཟུམ་མའི་ དཀའ་ངལ་འཐོན་ནིའི་ འོས་འབབ་ཡོད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ རྒྱལ་ཁབ་ནང་ གཅན་གཟན་སྟག་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་པའི་ཁར་ མི་དང་སེམས་ཅན་གྱི་བར་ན་ དཀའ་ངལ་ཡོད་རུང་ རྒྱལ་ཁབ་གཞན་བཟུམ་སྦེ་ སྟབས་མ་བདེཝ་ མི་འཐོན་འོང་ཟེར་ ལྟེ་བའི་མདོ་ཆེན་གྱིས་ བཤད་ཅི།
གཅན་གཟན་སྟག་དང་འབྲེལ་བའི་ གདོང་ལེན་བྱུང་སྟེ་འབད་རུང་ སྟག་ཉམས་སྲུང་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་སྣ་ཚོགས་ བཏོན་ཐོག་ལས་ སྟག་ཉམས་སྲུང་འབད་ཚུགས་ནི་ཨིན་པས།
སྟག་ཉམས་སྲུང་གི་དོན་ལུ་ རྒྱལ་ཁབ་གཞན་ཁར་ འབད་མི་བ་ལྷགཔ་སྦེ་ འབྲུག་རྒྱལ་ཁབ་ནང་ ལས་རིམ་སྣ་ཚོགས་ལག་ལེན་འཐབ་བཞིན་དུ་ཡོདཔ་ད་ སྤྱྲི་ལོ་༢༠༡༠ ལུ་ ར་ཤི་ཡ་ལུ་ འཛམ་གླིང་གཅན་གཟན་སྟག་གི་ ཞལ་འཛོམས་འཚོགས་སར་ རྒྱལ་ཁབ་མང་ཤོས་ཅིག་གིས་ སྟག་གྱངས་དེ་ཅིག་ཡོད་པའི་ ཚོད་རྩིས་བཏོན་ཏེ་མེད་རུང་ འབྲུག་རྒྱལ་ཁབ་ནང་ སྟག་༡༠༣ དེ་ཅིག་གིས་ རྒྱ་མཚོའི་གནས་ཚད་ལས་ མི་ཊར་༡༠༠ ལས་༤,༠༠༠ དེ་ཅིག་གི་ས་ཁར་ གནས་སྤོ་འགྱོ་དོ་ཡོད་པའི་ ཤེས་རྟོགས་བྱུང་ཚུགས་ཏེ་ཡོད་ཟེར་ཨིན་པས།
གཅན་གཟན་སྟག་ཚུ་ཡང་ མང་ཤོས་ར་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་ཁོངས་ཚུ་ནང་ འཁྱམས་སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *