འབྲུག་ལུ་ མཐོང་སྲོལ་བྱུང་མི་ གཅན་གཟན་སྟག། པར་ ཀུན་གསལ་གྱི་ པར་མཛོད་ནང་ལས།

གཅན་གཟན་སྟག་ལུ་བརྟེན་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་ ཉེན་སྲུང་འབད་ཚུགས་དོ་ཡོདཔ།

༉ ཞིབ་འཚོལ་དང་འཁྲིལ་བ་ཅིན་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ལུ་ གནོད་སྐྱོན་རྐྱབ་མི་དེ་ གཅན་གཟན་སྟག་ལུ་བརྟེན་ ལེ་ཤ་གིས་ མར་བབས་སོང་ནུག་ཟེར་ཨིན་པས།
དེ་ཡང་ ཨྱོན་དབང་ཕྱུག་མཐའ་འཁོར་དང་ཉམས་སྲུང་ཞིབ་འཚོལ་སྤེལ་ཁང་གི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལ་བ་ཅིན་ གཅན་གཟན་སྟག་དེ་ གཡུས་ཀྱི་སྦོ་ལོགས་ཁར་ འཁྱམས་སྡོད་པའི་སྐབས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ རི་ཕག་དང་ ཀ་ཤ་ དེ་ལས་ ཤཝ་ལ་སོགས་པ་ཚུ་ སྟག་ལུ་འདྲོག་སྟེ་ གཡུས་ཁར་འཁྱམས་མ་སྡོད་པར་ ནགས་ཚལ་ནང་སྡོད་པའི་སྐབས་ ལོ་ཐོག་ལུ་གནོད་སྐྱོན་མི་རྐྱབ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ གཟིག་དང་ འ་དོམ་ལ་སོགས་པ་ཚུ་ཡང་ སྟག་ལུ་འདྲོག་སྟེ་ གཡུས་ཁར་འཁྱམས་མ་ཚུགས་པའི་སྐབས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ཚུགས་དོ་ཡོདཔ་ལས་ སྟག་དེ་ ཉམས་སྲུང་འབད་བ་ཅིན་ མི་ཚུ་ལུ་ ཕན་ཐོགས་འདུག་ཟེར་ཨིན་པས།
ཞིབ་འཚོལ་སྙན་ཞུ་དང་འཁྲིལ་བ་ཅིན་ ད་རེས་ མི་མང་ཤོས་ཅིག་གིས་ གཅན་གཟན་སྟག་གིས་ མི་སྡེ་ལུ་ ཕན་པ་ཡོད་པའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་ནི་དེ་གིས་ མི་མང་ཤོས་ཅིག་གིས་ སྟག་དེ་ དགྲ་བཟུམ་སྦེ་ ཆ་བཞག་དོ་ཡོདཔ་ལས་ བསམ་པ་ལེགས་བཅོས་འབད་དེ་ སྟག་ཉམས་སྲུང་འབད་ནི་ལུ་ རྒྱབ་སྐྱོར་འབད་བ་ཅིན་ དེ་གིས་ མི་སྡེ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
མི་ལ་ལོ་ཅིག་གིས་ གཅན་གཟན་སྟག་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་དོ་ཟེར་ མནོ་བསམ་བཏང་སྟེ་ སྟག་ལུ་གནོདཔ་བཀལ་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ སྟག་གསད་ནིའི་ དཔའ་བཅམ་མི་ཡང་ཡོདཔ་ལས་ དེ་བཟུམ་གྱི་ བྱ་ངན་འབད་ནི་ལས་ འཛེམ་དགོཔ་ཁག་ཆེ་བས་ཟེར་ ཞིབ་འཚོལ་སྙན་ཞུ་ནང་ འཁོད་དེ་འདུག།
མ་གཞི་ གཡུས་མི་རེ་གཉིས་ཀྱིས་ གཅན་གཟན་སྟག་ལུ་བརྟེན་ ལོ་ཐོག་ཉེན་སྲུང་འབད་ནི་ལུ་ ཕན་ཐོགས་བྱུང་ཡོད་པའི་སྐོར་ལས་ ཤེས་མི་ཡང་ཡོདཔ་ད་ དེ་ཡང་ བཀྲིས་སྒང་ འཇོམ་གཙང་གཡུས་ཚན་ལས་ སོ་ནམ་པ་ སངས་རྒྱས་ཀྱིས་ སླབ་མིའི་ནང་ སྟག་ཡོད་པ་ཅིན་ རི་ཕག་ཚུ་ འཁྱམས་མ་ཚུགས་པར་ ཐག་རིང་སར་འགྱོ་ནི་འདུག་ཟེར་ཨིན་པས།
ཞིབ་འཚོལ་སྙན་ཞུ་དང་འཁྲིལ་བ་ཅིན་ སྟག་གིས་ མི་སྡེ་ལུ་ཕན་པའི་སྐོར་ལས་ མི་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་དགོཔ་འདུག་ཟེར་ཨིནམ་ད་ སྟག་ལུ་བརྟེན་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་ ཉེན་སྲུང་འབད་ཚུགས་པའི་སྐོར་ལས་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ཁ་ནང་ འབད་ཡོདཔ་ཨིན་པས།
དེ་བསྒང་ ཞིབ་འཚོལ་སྡེ་ཚན་དེ་གིས་ གླིང་ཁ་གི་མཐའ་འཁོར་ནང་ཡོད་པའི་ ཁྱིམ་གུང་པ་༡༣ ལྷགཔ་ཅིག་ལུ་ དྲི་བཀོད་འབད་ཡོདཔ་མ་ཚད་ ལོ་ཐོག་ཚུ་ཡང་ ལྟ་རྟོག་འབད་ཐོག་ལས་ ཞིབ་འཚོལ་འབད་ཡོདཔ་ཨིན་པས།
ད་ལས་ཕར་ ཞིབ་འཚོལ་ལུ་བརྟེན་ གཅན་གཟན་སྟག་ ཉེན་སྲུང་འབད་མི་ ཕྱིའི་ལས་སྡེ་དང་ ལོ་ཐོག་ཉེན་སྲུང་འབད་མི་ སོ་ནམ་ལྷན་ཁག་གིས་ མཉམ་རུབ་ཐོག་ལས་ སྟག་གིས་ མི་སྡེ་ལུ་ཕན་པའི་སྐོར་ལས་ མི་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ཚུགས་པའི་ གོ་སྐབས་ཡོདཔ་སྦེ་ ཞིབ་འཚོལ་སྙན་ཞུ་ནང་ བཀོད་དེ་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *