ཁྲོམ་སྡེའི་དཀའ་ངལ་ལེ་ཤ་ཡོདཔ།

༉ བདུན་ཕྲག་༢ ཀྱི་ཤུལ་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ཁྲོམ་སྡེ་༣ ནང་ ཁྲོམ་དཔོན་བཙག་འཐུ་འབད་ནི་ཨིན་མས།

ད་རེས་ནངས་པར་ ཁྲོམ་སྡེ་གསུམ་ནང་ ཁྲོམ་དཔོན་གྱི་ འདེམས་ངོ་ཚུ་གིས་ ཚོགས་རྒྱན་དགོ་ནིའི་དོན་ལུ་ སྤྱིར་སྙོམས་འཛོམས་འདུ་ཚུ་ནང་ རང་སོའི་ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་འདུག།

ཨིན་རུང་ སྤྱིར་སྙོམས་འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་མི་ གངམ་འོང་ནི་མེད་མི་ལུ་ བལྟ་བ་ཅིན་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ འདེམས་ངོ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཧེ་མ་ལས་ར་ ཐག་བཅད་ཚར་ཡོདཔ་ཨིན་ན་ ཡང་ཅིན་ ཚོགས་རྒྱན་བཙུགས་ནི་ལུ་ སྤྲོ་བ་མེདཔ་ཨིན་ན་ ཧ་གོ་མི་ཚུགས་པས།

དམངས་གཙོའི་རིང་ལུགས་ནང་ མི་མང་གི་ གྲལ་གཏོགས་དེ་ ཁག་ཆེ་མི་དེ་ཡང་ ས་གནས་གཞུང་གི་ རྒཔོ་ཚུ་ལས་འགོ་བཟུང་ ཁྲོམ་དཔོན་དང་ སྲིད་དོན་པ་ དཔེར་ན་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་ཚུ་གིས་ མི་སྡེ་དང་ ཁྲོམ་སྡེ་ རྒྱལ་ཁབ་ནང་ ཁྱད་པར་ག་ཅི་བཟོ་ཚུགས་ནི་ཨིན་ན་དང་ ལེགས་བསྒྱུར་ག་ཅི་ར་ འབག་འོང་ཚུགས་ནི་ཨིན་ནའི་སྐོར་ ཉན་ཞིནམ་ལས་ ཐག་བཏོག་དགོཔ་ཨིན།

བཙག་འཐུའི་བྱ་རིམ་ཚུ་ནང་ མི་མངམ་གིས་ བཅའ་མར་མ་གཏོགས་པ་ཅིན་ འཇོན་ཐངས་ཅན་གྱི་ འགོ་ཁྲིདཔ་བཙག་འཐུ་འབད་མི་ཚུགས་ནི་དང་ མཐའན་མཇུག་ལུ་ དམངས་གཙོའི་རིང་ལུགས་ལུ་ཡང་ ཐོ་ཕོག་ནིའི་ ཉེན་ཁ་ཡོད།

ཨིན་རུང་ ཁྲོམ་སྡེ་ཚུ་ ལོ་བསྟར་བཞིན་དུ་ གོང་འཕེལ་འགྱོཝ་མ་ཚད་ མི་རློབས་ཡང་ ཡར་འཕར་འགྱོ་བཞིན་དུ་ཡོད་རུང་ ཁྲོམ་སྡེ་བཙག་འཐུ་ནང་ ལག་ཁྲམ་འཆང་མི་ གྱངས་ཁ་ཆོདཔ་གཅིག་ལས་བརྒལ་མེད་པའི་ཁར་ མི་གཞན་ཚུ་གིས་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མེདཔ་ལས་ ཁྲིམས་ལུགས་ཚུ་ བསྐྱར་ཞིབ་འབད་ནིའི་ དུས་ཚོད་མ་རན་ག་ཟེར་མནོཝ་མས། 

ད་ལྟོའི་ བཅའ་ཁྲིམས་ཚུ་དང་འཁྲིལ་བ་ཅིན་ ཁྲོམ་དཔོན་དང་ ཁྲོམ་སྡེའི་འཐུས་མི་བཙག་འཐུ་འབད་ནིའི་དོན་ལུ་ ཁྲོམ་སྡེ་ནང་ མི་རྩིས་ཡོད་མི་རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཆོགཔ་སྦེ་ཨིན་རུང་ དེ་ནང་སྡོད་མི་དང་ ཁྲོམ་སྡེའི་མཐུན་རྐྱེན་སྤྱོད་མི་ གཙོ་བོ་ར་ རྫོང་ཁག་སོ་སོ་ལས་ཨིན་མི་ སྤྱི་གཡོགཔ་དང་ ཞི་གཡོགཔ་ ལས་འཛིན་གྱི་ལས་གཡོགཔ་ དེ་ལས་ སྒེར་སྡེའི་ནང་ ལཱ་འབད་མི་ཚུ་ཨིནམ་ལས་ ཁོང་ལུ་ ཚོགས་རྒྱན་བཙུགས་ནི་གི་ འོས་འབབ་ཡང་ བལྟ་དགོཔ་འདུག།

དེ་མེན་རུང་ ཁྲིམས་བཟོ་ལྷན་སྡེ་གིས་ མི་མང་ལུ་ ཕན་ཐོགས་ཚུགས་པའི་ ཁྲིམས་བརྩམ་ནི་དང་ ཆ་འཇོག་འགྲུབ་ནི་གི་ འགན་དབང་ཡོད་རུང་ གནད་དོན་ལ་ལོ་ཅིག་ནང་ འགན་འཁྲི་ཚུལ་ལྡན་འབག་དོ་བཟུམ་ཅིན་སྦེ་ མི་མཇལ་བས།

དཔེར་ན་ ཐིམ་ཕུག་ཁྲོམ་སྡེ་གིས་ ལྕང་བང་གྲུའི་ལྟག་ལས་ འཁོར་ལམ་ཀི་ལོ་མི་ཊར་༡.༣ འབད་མི་ཅིག་ སྤྱི་ལོ་༢༠༡༧ ལུ་སེལ་ནི་ འགོ་བཙུགས་མི་དེ་ ལྟག་ལས་མར་སྦེ་ སྡེཔ་སྲིད་ལུ་ མཐུད་སྦྲེལ་འབད་དགོཔ་ཨིན་རུང་ ལོ་༥ ལང་སོ་རུང་ མཐུད་སྦྲེལ་འབད་མ་ཚུགསཔ་ལཤ་ ལམ་གྱི་གཞི་རྟེན་རྐྱངམ་གཅིག་ མཇུག་བསྡུ་ནུག།

ཁྲོམ་སྡེ་གསུམ་ནང་ ཁྲོམ་དཔོན་ག་བཙག་འཐུ་གྲུབ་རུང་ སྤྱིར་དོན་ལུ་ སྒེར་ས་མཁོ་སྒྲུབ་འབད་བའི་སྐབས་ མི་དྲག་ཞན་མ་བལྟ་བར་ ཅོག་འཐདཔ་སྦེ་ དང་ལེན་འབད་དགོཔ་མ་ཚད་ འཐུང་ཆུའི་དཀའ་ངལ་དང་ ཁྲོམ་ལམ་བདའ་སྟེ་ ལམ་ཧ་ཀ་ཧོ་ཀ་ དེ་ལས་ གཡུར་བ་ཚུ་ལས་ བཙོག་ཆུ་ལུད་འགྱོ་བའི་ དཀའ་ངལ་ཚུ་ སེལ་ནི་ལུ་ གཙོ་རིམ་བཟུང་དགོ།

ཁྲོམ་སྡེའི་དཀའ་ངལ་གཞན་དེ་ ཕྱགས་སྙིགས་འཛིན་འཐབ་མ་ཚུགས་མི་དང་ མ་དངུལ་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་མ་འཐབ་པར་ ཆུད་ཟད་འགྱོ་མི་ཚུ་ཨིནམ་ལས་ ད་ལྟོ་ སྐུལ་བསྒྲགས་འབད་བའི་བསྒང་ཡོད་མི་ ཁྲོམ་དཔོན་གྱི་ འདེམས་ངོ་ཚུ་གིས་ དེ་བཟུམ་མའི་ གདོང་ལེན་ཚུ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་དང་ ཁང་གླར་སྡོད་མི་ཚུ་ལུ་ སྣུམ་འཁོར་བཞག་སའི་ ཐོབ་དབང་ཡོདཔ་ བཟོ་ནི་གི་ ཁས་བླངས་འབད་དགོ།

དེ་འབདཝ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འདེམས་ངོ་ཚུ་གི་ ཁས་བླངས་གསལ་བསྒྲགས་ཉན་ནི་དང་ ཁྱད་པར་བཟོ་ནི་གི་ ཐབས་ལམ་མ་འདྲཝ་ ག་ཅི་ར་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་ནིའི་དོན་ལུ་ སྤྱིར་སྙོམས་འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་དགོཔ་མ་ཚད་ དྲི་བ་བཀོད་ནི་ཡོད་རུང་ གཡང་ཟ་བག་ཟོན་མེད་པར་དྲི་དགོཔ་ཁག་ཆེ། 

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *