ཁྲོམ་སྡེའི་གདམ་ངོ་ཚུ་གིས་ འཛོམས་འདུའི་སྐབས་ ཡིག་ཆ་བཏོན་དགོཔ་ མེད་མི་ལུ་ཚ་གྱང་།

༉ ད་རེས་ ཁྲོམ་སྡེའི་བཙག་འཐུ་ ཐེངས་༣ པའི་དོན་ལུ་ གདམ་ངོ་བཏོན་པའི་བསྒང་ཡོདཔ་བཞིན་དུ་ གདམ་ངོ་དང་ ལྟ་རྟོག་པ་ལ་ལོ་ཅིག་གིས་ གདམ་ངོའི་འཛོམས་འདུ་སྐབས་ གདམ་ངོ་ཚུ་གིས་ རང་སོའི་ཡིག་ཆ་ཚུ་ བཏོན་ནིའི་ལམ་ལུགས་མེད་མི་ལུ་ ཚ་གྱང་བཤདཔ་ཨིན་པས།

བཙུགས་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༧༨ པའི་ནང་ གསལ་བཀོད་འབད་མི་ ཁྱད་ཚད་ཚང་པ་ཅིན་ ཁྲོམ་སྡེའི་ནང་འཁོད་ལུ་ ཐོ་བཀོད་ཅན་གྱིས་ ཚོགས་རྒྱན་བཙུགས་མི་ཅིག་གིས་ གདམ་ངོ་སྦེ་ འཐོན་ནི་ལུ་ འོས་འབབ་ཡོདཔ་ཨིན་པས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འཛོམས་འདུ་གི་སྐབས་ གདམ་ངོ་ཚུ་ལས་ ཡིག་ཆ་ཚུ་ མ་ལེན་མི་དེ་གིས་ ཁོང་ལུ་ ཡིག་ཆ་ཚུ་ གྲ་སྒྲིག་བཟོ་ནི་ལུ་ དུས་ཚོད་མང་སུ་ ཐོབ་དོ་ཡོདཔ་ཨིན་རུང་ དེ་ལུ་བརྟེན་པའི་གནོད་པ་ཚུ་ ཡོདཔ་ཨིན་པས།

དཔྱེ་འབད་བ་ཅིན་ གདམ་ངོའི་འཛོམས་འདུ་གིས་ ཡིག་ཆ་ཚང་འགྲིགས་ཡོད་མི་ གདམ་ངོ་དེ་ ཆ་མེད་བཏང་སྟེ་ གཞན་མི་ཅིག་ ངོས་འཛིན་འབད་བའི་སྐབས་ ཡིག་ཆ་གྲ་སྒྲིག་མེད་མི་ལུ་བརྟེན་ འདེམས་ཁོངས་དེ་ནང་ གདམ་ངོ་མི་འོང་ནི་མས་ཟེར་ཨིན་པས།

གདམ་ངོ་ཚུ་གིས་ སྤྱི་ཟླ་༣ པའི་ཚེས་༢༩ དང་༣༠ ལུ་ ཡིག་ཆ་ཚང་འགྲིགས་སྦེ་ བཙུགས་དགོཔ་ད་ ལྷན་ཚོགས་ཀྱིས་ ཡིག་ཆ་ཚུ་ དབྱེ་དཔྱད་འབད་ནི་ཨིན་པས།

ཐིམ་ཕུག་ཁྲོམ་དཔོན་གྱི་ གདམ་ངོ་ཅིག་གིས་ སླབ་མིའི་ནང་ ཁོ་ར་ འབྲུག་རྒྱལ་གཞུང་གཙུག་ལག་སློབ་སྡེའི་ནང་ དཔེ་ཆ་ལྷབ་ཡོདཔ་བཞིན་དུ་ ཤེས་རིག་ལྷན་ཁག་འོག་གི་ ན་ལོན་དང་ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ ཁོ་གི་ཡིག་ཆ་ཚུ་ བདེན་དཔྱད་འབད་ནི་ལུ་ དུས་ཡུན་བདུན་ཕྲག་གཅིག་ འགོར་སོ་ཡི་ཟེར་ཨིན་པས།

ཁོ་གིས་ གོ་དོ་བཟུམ་འབད་ཅིན་ ཕྱི་རྒྱལ་ལུ་ དཔེ་ཆ་ལྷབ་མི་ཚུ་གི་དོན་ལུ་ དུས་ཡུན་དེ་བ་ཡང་ རིངམོ་སྦེ་ འགོར་དོ་ཡོདཔ་སྦེ་ གོ་ཡི་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ མི་ངོ་དེ་ གདམ་ངོ་སྦེ་ བཏོན་ཏེ་འབད་རུང་ དུས་ཚོད་ཁར་ ཡིག་ཆ་ཚུ་ འཐོབ་མ་ཚུགས་ནིའི་ ཉེན་ཁ་སྦོམ་སྦེ་ར་འདུག་ཟེར་ཨིན་པས།

ཨིན་རུང་ ཁྲལ་བརྩིས་ཏེ་ རྩིས་ཞིབ་ཀྱི་ལག་ཁྱེར་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་པས་ཟེར་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་གྱི་ གདམ་ངོ་ཅིག་གིས་འབད་བ་ཅིན་ དཔེར་ན་ འཛོམས་འདུའི་སྐབས་ གདམ་ངོ་༢ ཡོད་པ་ཅིན་ ཡིག་ཆ་མེད་མི་དེ་ གདམ་འཐུ་འགྲུབ་ནིའི་ གོ་སྐབས་ཡོདཔ་ལས་ དེ་གིས་ གདམ་འཐུ་འགྲུབས་མི་ གདམ་ངོ་དེ་དང་ འདེམས་ཁོངས་གཉིས་ཆ་ར་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།

གདམ་ངོ་དེ་གིས་ འབད་བ་ཅིན་ ཁོ་རའི་ཡིག་ཆ་ཚུ་ ད་ལྟོ་ བཟོ་བའི་བསྒང་ར་ཡོདཔ་ད་ དུས་ཚོད་ཁར་ གྲ་སྒྲིག་འགྱོ་འོང་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྲིམས་དང་འཁྲིལཝ་ད་ གདམ་ངོ་ཚུ་གིས་ འཛོམས་འདུ་གི་སྐབས་ ཡིག་ཆ་ཚུ་ བཏོན་དགོཔ་མེད་ཟེར་ཨིན་པས།

བཙག་འཐུ་ལྷན་ཚོགས་ལས་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ཡིག་ཆ་ཚུ་ ངོས་ལེན་འགོ་དཔོན་གྱིས་ དབྱེ་དཔྱད་འབད་ནི་དང་ མ་གཞི་ ཁྲིམས་གྱི་ཐད་ལས་ གདམ་ངོ་ཚུ་གིས་ འཛོམས་འདུ་གི་སྐབས་ལུ་ ཡིག་ཆ་ཚུ་ བཏོན་དགོཔ་མེདཔ་ཨིན་རུང་ བཙག་འཐུའི་འགོ་དཔོན་ཚུ་གིས་ གདམ་ངོ་དང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ དགོས་མཁོའི་གོ་བརྡ་ སྤྲོད་འོང་ཟེར་ཨིན་པས།

ཁོ་གིས་ འབད་བ་ཅིན་ གདམ་ངོ་དེ་གིས་ ཡིག་ཆ་ཚུ་ དུས་ཚོད་ཁར་ འཐོབ་ཚུགས་དང་མི་ཚུགས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཤེས་དགོ་ཟེར་ཨིན་པས།

དཔྱེ་འབད་བ་ཅིན་ མགར་ས་རྫོང་ཁག་ ཁ་སྨད་རྒེད་འོག་གི་ གདམ་སྦྱིས་སྤྱི་འོག་ནང་ རྒཔོ་གི་བཙགས་འཐུའི་སྐབས་ འཛོམས་འདུ་ནང་ལས་ གདམ་ངོ་ཅིག་གིས་ གཞན་མི་དེ་ ཕམ་བཏང་སྟེ་ བཙག་འཐུ་གྲུབ་ཡོདཔ་ཨིན་རུང་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ བཙག་འཐུ་ལྷན་ཚོགས་ལས་ གདམ་ངོ་དེ་ སྲིད་ཚོགས་དང་ ཐོ་བཀོད་འབད་ཡོད་པའི་ བརྒྱུད་འཕྲིན་ལྷོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ལོ་༢༠༡༦ ལུ་ རྩི་རང་ལུ་ཡང་ འདི་དང་འདྲ་བའི་ གནད་དོན་ཐོག་ལུ་ ཐོ་བཀོད་གྲུབ་མི་ ས་གནས་གཞུང་གི་ གདམ་ངོ་༤ ཡང་ ཆ་མེད་སོང་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྐྱུར་ ཉི་མ་དབང་འདུས།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *