ཁྲོམ་སྡེ་ཚུ་ལུ་ འགན་འཁྲི་བཀལ་དགོཔ།

༉ འབྲུག་གི་ཁྲོམ་སྡེ་ཚུ་ ཚུལ་ལྡན་སྦེ་ གོང་འཕེལ་གཏང་ནི་དང་ འཆར་གཞི་ལེགས་ཤོམ་སྦེ་བརྩམས་ཏེ་ ལག་ལེན་འཐབ་ནིའི་དོན་ལུ་ ས་གནས་གཞུང་གི་ ཆ་ཤས་ཅིག་སྦེ་ གཞི་བཙུགས་འབད་འབདཝ་ཨིན།
དེ་སྦེ་ གཞི་བཙུགས་འབད་མི་དེ་ཡང་ ཁྲོམ་སྡེ་ཚུ་ རང་དབང་ཐོག་ལས་ འཛིན་སྐྱོང་འཐབ་ནི་དང་ ཁྲོམ་སྡེ་ནང་ སྡོད་མི་ཚུ་ལུ་ གྲལ་གཏོགས་ཀྱི་ ཕན་གྲོགས་འབད་ནི་ དེ་ལས་ ཐོན་ཁུངས་དང་ མི་སྟོབས་ཀྱི་ ལྕོགས་གྲུབ་གོང་འཕེལ་གཏང་ཐབས་ལུ་ཨིན་མས།
ཨིན་རུང་ ད་རེས་ནངས་པར་ ཁྲོམ་སྡེ་དབྱེ་སྡེ་ཀ་པའི་ནང་ ཚུད་མི་ཚུ་གིས་ རང་སོའི་འགན་དབང་དང་འཁྲིལ་བའི་ འགན་ཁུར་མི་འབག་དོ་ཡོདཔ་ཨིན་མས།
དེ་ཡང་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ཚུ་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ འོང་འབབ་བསྡུ་ལེན་དང་ འཛིན་སྐྱོང་ལུ་ གཙོ་བོར་བཏོན་ཏེ་ དངུལ་འབྲེལ་རྩིས་ཞིབ་འབད་བའི་སྐབས་ ཁྲོམ་སྡེ་ཚུ་ནང་ འོང་འབབ་ཀྱི་ འབྱུང་ཐོའི་ཁ་གསལ་ཚུ་ ཡོངས་རྫོགས་དང་ འཛོལ་བ་མེདཔ་ བློ་གཏད་ཚུགས་པའི་ ཐོ་བཀོད་ལམ་ལུགས་མེད་མི་ལུ་བརྟེན་ འོང་འབབ་ས་ཡ་ལས་བཅད་དེ་ གྱོང་རྒུད་ཕོག་ཡོད་པའི་ མངོན་གསལ་བྱུང་ནུག།
དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ དེ་ལས་ ཐིམ་ཕུག་ཁྲོམ་སྡེ་ཚུ་ནང་ ནང་འཁོད་བཀག་འཛིན་ལམ་ལུགས་ དམ་སྒྲིང་མེད་མི་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ས་ཡ་༢༠ རྩིས་ཐོ་ནང་ མ་བཀོད་པར་ གྱོང་རྒུད་ཕོག་ཡོདཔ་མ་མད་ ཁྲོམ་སྡེ་ས་ཆའི་ བདག་སྐྱོང་ལམ་ལུགས་ ལེགས་ཤོམ་མེདཔ་ལས་ ཕུན་ཚོགས་གླིང་ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༣༡.༤ དང་ ཐིམ་ཕུག་ཁྲོམ་སྡེ་ལུ་དངུལ་ཀྲམ་ས་ཡ་༠.༢༢༥ དེ་ཅིག་ འོང་འབབ་འཛགས་ལུས་ཤོར་ནུག།
ཁྲོམ་སྡེ་ཚུ་གིས་ འདས་པའི་རྩིས་ཞིབ་སྙན་ཞུ་ཚུ་དང་འཁྲིལ་ དང་ལེན་འབད་དེ་ འོང་འབབ་འཛིན་སྐྱོང་ལམ་ལུགས་ ཡར་དྲག་དང་ ལེགས་བཅོས་མ་འབད་བའི་ མངོན་གསལ་བྱུང་ནུག།
འདི་བཟུམ་མའི་ ཁྲོམ་སྡེ་གནས་སྟངས་དེ་ བཙག་འཐུ་ལས་གྲུབ་པའི་ འགོ་ཁྲིདཔ་ཚུ་གིས་ འཛིན་སྐྱོང་འཐབ་མི་དེ་ སེམས་ཕམ་བྱུང་དགོ་པའི་ གཞི་གནད་ཅིག་ཨིན་མི་དེ་ཡང་ ཁྲོམ་སྡེ་ཚུ་ལུ་ ཁྲོམ་སྡེའི་ལས་སྤྱོད་དང་འབྲེལ་བའི་ སྲིད་བྱུས་བརྩམ་ནི་དང་ གཞུང་ས་བདག་སྐྱོང་དང་ འཛིན་སྐྱོང་འཐབ་ནི་ ས་གནས་འཆར་གཞིའི་ གནང་བ་བྱིན་ནི་ འཆར་གཞི་བཀོད་ཡོད་མི་ཚུ་ ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབད་ནི་དང་ ཁྲོམ་ཁར་སྡོད་མི་ཚུ་གི་ གསོ་བའི་འཕྲོད་བསྟེན་དང་ ཉེན་སྲུང་ དེ་ལས་ བདེ་སྐྱིད་ཀྱི་དོན་ལུ་ བཅའ་ཡིག་བརྩམ་ནི་དང་ ལག་ལེན་འཐབ་ནི་ དེ་ལས་ ཁྲལ་དང་ འཐུས་ གླ་ཆ་བཀལ་ནི་གི་ འགན་དབང་ཡོད་རུང་ དེ་ཚུ་ ཚུལ་ལྡན་མ་འབག་མི་ལུ་བརྟེན་ འོང་འབབ་བསྡུ་ལེན་ནང་ གྱོང་རྒུད་ཕོག་ནི་དེ་གིས་ཨིན་མས།།
ཁྲོམ་སྡེ་ཚུ་ རང་གི་རྐངམ་གུ་ ལོང་སྡོད་མ་ཚུགས་མི་དེ་ གཞུང་གི་ཕབ་ཆག་གམ་ མ་དངུལ་ལུ་ བརྟེན་སྡོད་དེ་ ཚ་གྱང་འབག་ནི་མེན་པར་ སེམས་བག་ལྷོད་སྦེ་ སྡོད་མི་དེ་གིས་ཡང་ ཞབས་ཏོག་སྤྱོད་མི་དང་ མཁོ་སྤྲོད་འབད་མི་གཉིས་ཆ་ར་ལུ་ ཐོ་ཕོགཔ་ཨིན་མས།
ཁྲོམ་སྡེ་ཚུ་གིས་ འདི་བཟུམ་མའི་ སེམས་བག་ཡེངས་ཤོར་མི་དང་ རང་སོའི་འགན་དབང་ཚུ་ནང་ འཐུས་ཤོར་དང་ ནོར་འཁྲུལ་བྱུང་མི་དེ་ལུ་ ཁྲོམ་སྡེའི་མི་སེར་དང་ སྲིད་བྱུས་རྩམ་མི་ཚུ་ ཚ་གྱང་ལང་དགོཔ་བཞིན་དུ་ འདི་དང་གཅིག་ཁར་ འགན་དབང་ཚུལ་ལྡན་མ་འབག་མི་ཚུ་ལུ་ འགན་འཁྲི་བཀལ་ནི་གི་ དུས་ཚོད་ཡང་རན་ནུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *