ཁྲོམ་སྡེ་ཚུ་ལུ་ དབང་ཚད་ཕྱིར་སྤེལ་འབད་དགོ།

༉ དམངས་གཙོའི་རིང་ལུགས་ཀྱི་ ཆ་ཤས་ཅིག་ཨིན་མི་ ཁྲོམ་སྡེ་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པ་དེ་ བདུན་ཕྲག་༥ ལྷགཔ་ཅིག་གི་རྒྱབ་ལས་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ཁྲོམ་སྡེ་༣ ནང་ གྲ་སྒྲིག་འབད་ནི་ འགོ་བཙུགས་ནུག། 

གྲ་སྒྲིག་ཟེརཝ་ད་ ཁྲོམ་སྡེ་ནང་ ཐོ་བཀོད་འབད་དེ་ཡོད་མི་ ཁྱད་ཚད་ལྡན་མི་ཚུ་གིས་ འགན་ཁུར་ཐེབས་འབག་སྟེ་ འདེམས་ངོ་ག་གིས་ ཁྱད་པར་བཟོ་ཚུགས་འོང་ག་ བསམ་ཞིབ་འབད་དེ་ རང་གི་ནོརབུ་དང་འདྲ་བའི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ ག་ལུ་བཙུགས་ནི་ཨིན་ན་ ཐག་བཏོག་ནི་གི་ དུས་ཚོད་ལུ་ གོ་བ་ལེན་དགོ།

བཙག་འཐུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འགོ་ཁྲིདཔ་གདམ་འཐུ་འབད་དེ་ འགན་འཁྲི་བཀལ་ནི་གི་ དབང་ཆ་བྱིནམ་ཨིན།

ཨིན་རུང་ ད་ལྟོ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་༢ ནང་ ཁྲོམ་དཔོན་བགྲེསཔ་༢ བརྩིས་ཏེ་ འདེམས་ངོ་༡༡ དེ་ཅིག་ ཐོན་ཡོདཔ་བཞིན་དུ་ ཁོང་གིས་ སྤྱི་ཟལ་༤ པའི་ཚེས་༢༨ ལུ་ ཁྲོམ་དཔོན་བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིནམ་ད་ དགེ་ལེགས་ཕུག་ཁྲོམ་སྡེ་ལས་ཡང་ འདེམས་ངོ་༤ དེ་ཅིག་ ཐོན་ཡོད་པའི་ ལོ་རྒྱུས་ཡོད་རུང་ ད་ལྟོ་ གཏན་འཁེལ་སྦེ་ ཤེས་རྟོགས་བྱུང་མ་ཚུགས།

ཐིམ་ཕུག་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་སྦོམ་ཤོས་༢ ནང་ ཁྲོམ་སྡེའི་བཙག་འཐུ་ཐེངས་དང་པ་དང་༢ པ་དང་ཕྱདཔ་ད་ འདེམས་ངོ་ལེ་ཤ་གིས་ མང་དོ་ཡོདཔ་ལས་ གྱངས་ཁའི་ཐད་ལུ་ ཡར་འཕར་སོང་ཡོད་རུང་ ད་ཚུན་ཐོན་མི་ འདེམས་ངོ་ཚུ་གིས་ ཁས་བླངས་གསལ་བསྒྲགས་ནང་ འཐུང་ཆུ་དང་ ཕྱགས་སྙིགས་འཛིན་སྐྱོང་ འཁོར་ལམ་གྱི་ གདོང་ལེན་ཚུ་སེལ་ནི་ དེ་ལས་ དཔེ་སྟོན་གྱི་ ཁྲོམ་སྡེ་ལ་སོགས་པ་ཚུ་ལུ་ གཙོ་རིམ་བཟུང་ནི་གི་ ཐོ་བཟོ་བའི་བསྒང་འདུག།

ཨིན་རུང་ ཁྲོམ་དཔོན་གསརཔ་ ཡང་ཅིན་ ཁྲོམ་དཔོན་བགྲེསཔ་ཚུ་ ལོག་བཙག་འཐུ་གྲུབ་པ་ཅིན་ ཁྱད་པར་ག་ཅི་བཟོ་ཚུགས་འོང་ག་ཟེར་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གིས་ དྲི་བ་བཀོད་ནི་ འགོ་བཙུགས་ཡོདཔ་ད་ ག་འཆརཔ་ཟེར་བ་ཅིན་ ཁས་བླངས་ཚུ་ འདས་པའི་བཙག་འཐུ་ཚུ་ནང་ འབད་མི་ལས་ མ་འདྲཝ་ཅིག་ ག་ནི་ཡང་ མི་མཐོངམ་མས།

ཁྲོམ་སྡེ་འཛིན་སྐྱོང་དེ་ བཙག་འཐུ་གྲུབ་པའི་ ཁྲོམ་དཔོན་ཚུ་ལུ་ འགན་དབང་སྤྲོད་ཡོད་རུང་ ཁྲོམ་སྡེ་ནང་ དཀའ་ངལ་དང་ གདོང་ལེན་ཚུ་ སྔར་ག་ཨིནམ་སྦེ་ར་ཡོདཔ་ལས་ ཁྲོམ་དཔོན་ལུ་ འཛིན་སྐྱོང་གི་ རྒྱབ་སྐྱོར་འབད་མི་ ལས་བྱེདཔ་ཚུ་ ཞི་གཡོག་ནང་ལས་བཏོན་ཏེ་ ཐ་དད་མ་བཟོ་བ་ཅིན་ ལེགས་བསྒྱུར་འབད་མི་ཚུགས་ནི་མས།

དུས་ཚོད་དང་འཁྲིལ་ ཁྲོམ་སྡེ་དེ་ ཞི་གཡོག་ལས་ སོ་སོར་བཏོན་ནིའི་ དུས་ཚོད་རན་ཡོདཔ་ད་ ད་ཚུན་གྱི་བར་ན་ ཁྲོམ་དཔོན་ཚུ་གིས་ཡང་ ཞི་གཡོག་དང་ ཐ་དད་བཟོ་དགོ་པའི་ གྲོས་འཆར་བཀོད་བཞིན་དུ་ཡོད་པའི་ཁར་ དུས་རབས་༢༡ པའི་དཔལ་འབྱོར་མདུན་ལམ་ཟིན་བྲིས་ནང་ཡང་ ཁྲོམ་སྡེ་རང་དབང་ཅན་སྦེ་ བཟོ་དགོ་པའི་ གྲོས་འདེབས་བཀོད་དེ་འདུག།

ད་རེས་ ཁྲོམ་དཔོན་ལུ་ རང་དབང་ཧྲིལ་བུ་མེད་མི་ལུ་བརྟེན་ བྱ་སྒོ་ལེགས་ཤོམ་སྦེ་ འཐབ་ནི་ལུ་ ཐོ་ཕོག་དོ་ཡོདཔ་ད་ ཁྲོམ་སྡེ་རང་དབང་བཟོ་ནིའི་ ཐབས་ལམ་གཞན་དེ་ དངུལ་འབྲེལ་གྱི་ དབང་ཚད་སྤྲོད་པ་ཅིན་ ཁྲོམ་སྡེ་ནང་ལས་ སྤྱོད་་འཐུས་དང་ ཁྲལ་ཚུ་བསྡུ་ལེན་ཐོག་ རང་དབང་སྦེ་ གནས་ནི་ལུ་ ལྷན་ཐབས་འབྱུང་འོང་།

ད་ལྟོའི་གནས་སྟངས་ནང་ ཁྲོམ་སྡེ་ཚུ་ གཞུང་གི་འཆར་དངུལ་ལུ་ བརྟེན་དགོཔ་མ་ཚད་ སྤྱོད་འཐུས་དང་ འཐུས་གཞན་ཚུ་ དངུལ་རྩིས་ལྷན་ཁག་ལས་ གནང་བ་མེད་པར་ ཡར་སེང་འབད་ནིའི་ དབང་ཚད་ཅིག་ཡང་མིན་འདུག།

དཔེར་ན་ ཐིམ་ཕུག་དེ་ ག་དེམ་ཅིག་ གོང་འཕེལ་སོང་ཡོདཔ་ཨིན་ན་ ག་ར་གིས་ མ་ཤེསཔ་མེདཔ་ཨིན་རུང་ ཐིམ་ཕུག་ཁྲོམ་སྡེའི་ ས་ཁྲལ་ཚུ་ སྤྱི་ལོ་༡༩༩༢ ལུ་ ཚད་གཞི་བཟོ་མི་གུ་ལུ་ར་ གཞི་བཞག་སྟེ་ བསྡུ་ལེན་འབདཝ་ཨིན་མས།

གལ་སྲིད་ ཁྲོམ་དཔོན་ ཡང་ཅིན་ ཁྲོམ་སྡེ་ཚུ་གིས་ དམིགས་འཆར་དང་འཁྲིལ་ གྲུབ་འབྲས་ལེགས་ཐོན་དང་ མི་སེར་གྱི་ རེ་འདོད་འགྲུབ་དགོ་པ་ཅིན་ ཁོང་ལུ་ ཚོགས་རྒྱན་བརྒྱ་ཕྲག་དག་པ་ཅིག་གིས་ འགན་འཁྲི་སྤྲོད་ནི་རྐྱངམ་གཅིག་མེན་པར་ མི་སྟོབས་དང་ མ་དངུལ་གྱི་ཐོག་ལས་ རང་དབང་བྱིན་ནི་དེ་ ག་ནི་བ་གལ་ཆེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *