ཕབ་ཆག་ཡོད་མི་དང་མེད་མི་ མེ་རླུང་རྒྱ་རྫི་༢ ཀྱི་བར་ན་ གོང་ཚད་ཀྱི་ཁྱད་པར་ དངུལ་ཀྲམ་༡༩༢ ཡོདཔ་ཨིན་པས།

ཁྲོམ་སྡེ་ཚུ་ནང་ སང་ཕོད་ལས་ གོང་ཚད་ཕབ་ཆག་གི་ མེ་རླུང་རྒྱ་རྫི་ མ་འཐོབ་བཟོ་ནི།

༉ གཞུང་གིས་ གོང་ཚད་ཕབ་ཆག་ཐོག་ ཐོབ་མི་ལས་ ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་ མཁོ་སྒྲུབ་འབད་ནི་གི་ སྲིད་བྱུས་བསྒྱུར་བཅོས་དང་ ཐབས་ལམ་ལེ་ཤ་བཏོན་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚུགས་པས།
འདས་པའི་ཟླཝ་༣ གྱི་ ནང་འཁོད་ལུ་ སྤྱིར་བཏང་མེ་རླུང་རྒྱ་ཛི་༢,༠༩༡ ལོག་སྤྲོད་དེ་ གོང་ཚད་ཕབ་ཆག་མེད་མི་ རྒྱ་རྫི་༣,༤༡༡ ལེན་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༤ ལུ་ བསྟན་རྒྱས་ལས་ཁུངས་ཀྱིས་ སང་ཕོད་ལས་འགོ་བཙུགས་ ཁྲོམ་སྡེ་བཞི་ནང་ གོང་ཚད་ཕབ་ཆག་གི་ མེ་རླུང་རྒྱ་རྫི་བསྡུ་ཐོག་ལས་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་ཚུ་ བཀྲམ་སྤེལ་འབད་ནི་ཨིན་པའི་སྐོར་ གསལ་བསྒྲགས་འབད་ནུག།
ཚོང་འབྲེལ་འགོ་དཔོན་གཙོ་འཛིན་ རིན་ཆེན་ལྷ་འཛོམས་ཀྱིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ རྒྱ་རྫི་མ་ལང་པའི་དཀའ་ངལ་སེལ་ཐབས་ལུ་ ཐབས་ཤེས་སྣ་ཚོགས་ བཏོན་ཡོད་རུང་ སྤྱོད་མི་ཚུ་གི་ སེམས་བསྒྱུར་བཅོས་འབད་མ་ཚུགས་ཟེར་ཨིན་པས།
ཐབས་ཤེས་ཚུ་གི་གྲས་ལས་ ཁྲོམ་སྡེ་བཞི་ནང་ རྒྱ་རྫི་གསརཔ་སྤྲོད་ནི་དང་ གོང་ཚད་ཕབ་ཆག་ཡོད་མི་ མེ་རླུང་རྒྱ་རྫིའི་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་ཡང་ བཀག་འཛིན་འབད་དོ་ཡོདཔ་ད་ གཙུག་སྡེ་དང་ ལས་སྡེ་ཚུ་གིས་ རྒྱ་ཛི་མང་སུ་སྦེ་ ལེན་འབག་མི་ཚུ་ཡང་ བཀག་འཛིན་འབད་ཡོདཔ་མ་ཚད་ ལག་ལེན་པ་ཚུ་གིས་ ཁས་བླངས་ཐོག་ལས་ ཧེ་མའི་རྒྱ་རྫི་ཚུ་ ལོག་སྤྲོད་ནིའི་ ཐབས་ཤེས་ཚུ་ བཏོན་ཡོདཔ་ཨིན་པས།
ཨིན་རུང་ རིན་ཆེན་ལྷ་འཛོམས་ཀྱིས་འབད་བ་ཅིན་ མི་མང་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལས་ ངོས་ལེན་ལེགས་ཤོམ་མ་ཐོབ་ལས་ ལས་ཁུངས་ཀྱིས་ བྱ་ཐབས་མེད་པར་ གོང་ཚད་ཕབ་ཆག་ཐོག་ བཀྲམ་སྤེལ་འབད་མི་ མེ་རླུང་རྒྱ་རྫི་ཚུ་ ལོག་བསྡུ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ སླབ་མིའི་ནང་ གོང་ཚད་ཕབ་ཆག་མེད་མི་ རྒྱ་རྫི་ལག་ལེན་འཐབ་ནི་གི་ དང་འདོད་བསྐྱེད་བཅུག་ནི་གི་ ཐབས་ལམ་ཚུ་ལུ་ མང་ཤོས་ཀྱིས་ དང་འདོད་བསྐྱེད་མི་མ་ཐོན་ཟེར་ཨིན་པས།
ཞིབ་འཚོལ་འབད་བའི་སྐབས་ ཁྲོམ་སྡེ་ནང་སྡོད་མི་ མང་ཤོས་ཀྱིས་ གོང་ཚད་ཕབ་ཆག་མེད་མི་ རྒྱ་རྫི་ཚུ་ ལག་ལེན་འཐབ་ནི་གི་ འོས་འབབ་མཐོང་ཡོདཔ་ད་ ཁྲོམ་སྡེ་ནང་སྡོད་མི་ མང་ཤོས་ར་ དབུལ་ཕོངས་ཀྱི་ གནས་ཚད་ལས་ ཡར་ཡོདཔ་ལས་ ཕབ་ཆག་གི་ རྒྱ་རྫི་ཚུ་ འོང་འབབ་ཉུང་སུ་ཡོད་མི་ཚུ་ལུ་ བྱིན་ནི་གི་ དམིགས་གཏད་ཡོད་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ ཁྲོམ་སྡེ་ནང་འཁོད་ལུ་ འོང་འབབ་ཆུང་བའི་ བཟའ་ཚང་ཚུ་ཡོད་རུང་ ཐབས་ཤེས་འདི་བཟུམ་མ་བཏོན་པར་ བྱ་ཐབས་མིན་འདུག་ཟེར་ཨིནམ་ད་ ཐབས་ཤེས་གསརཔ་དེ་ སྤྱི་ལོ་༢༠༢༠ ཟླ་དང་པ་ལས་ འགོ་བཙུགས་ནི་ཨིནམ་ལས་ གྲ་སྒྲིག་འབད་ནིའི་དོན་ལུ་ ཟླཝ་དྲུག་བཞག་དོ་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གིས་ གློག་མེ་ཉུང་སུ་ སྤྱོད་ཐབས་ལུ་ གློག་ཐབ་ཚུ་ ལག་ལེན་འཐབ་བཅུག་ཐབས་ལུ་ ཨིན་པའི་ཁར་ གྲོང་གསེབ་ནང་ སྡོད་མི་ཚུ་ལུ་ཡང་ བ་ཡོ་གཱེསི་ལག་ལེན་འཐབ་ནི་ལུ་ དང་འདོད་བསྐྱེད་བཅུག་ནི་ཟེར་ཨིན་པས།
མེ་རླུང་རྒྱ་རྫི་ལུ་ བརྟེན་ནི་དེ་ གཏན་ཏོག་ཏོ་ཅིག་ མ་མཐོངམ་ལས་ ཡུན་བརྟན་གྱི་དོན་ལུ་ ཐབས་ཤེས་བཏོན་ནིའི་ནང་ གཙོ་རིམ་བཟུང་རན་ནུག་ཟེར་ བསྟན་རྒྱས་བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *