ཁྲོམ་སྡེ་ཚུ་ནང་ བཟོ་སྐྲུན་གྱི་ ཉེན་སྲུང་ལྟ་རྟོག་འབད་ནིའི་འགན་ཁུར་ ག་ལུ་ཕོག་ནི་ཨིན་ན?

༉ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ཉིན་མར་ ཐིམ་ཕུག་ཧེ་འཇོ་ལུ་ རྩི་སའི་བཙོག་དུང་བསྒྲིལ་འོངམ་ད་ སྐྱེས་ལོ་༧ ལང་མི་ སློབ་ཕྲུག་བུཚ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ས་གནས་དེ་ཁར་ སྡོད་མི་ཚུ་གིས་ དྲི་བ་བཀོད་ནི་ འགོ་བཙུགས་ནུག།
དྲི་བ་ཚུ་ཡང་ ཉེན་སྲུང་གི་དོན་ལུ་ འགན་འཁྲི་ག་ལུ་ ཕོགཔ་ཨིན་ན? ཉེན་སྲུང་ལྟ་རྟོག་འབད་ནི་དེ་ ཁྲོམ་སྡེ་དང་ ཁག་འབགཔ་ ཡང་ཅིན་ ཕམ་ཚུ་ལུ་ ཕོག་ནི་ཨིན་ན? གཅིག་ལུ་ཉེན་ཁ་དང་ འགན་ཁུར་ངེས་པར་དུ་ བཀལ་དགོཔ་འདུག་ཟེར་ཨིན་མས།
མི་མང་གིས་ དྲི་བ་བཀོད་མི་ལུ་ འོས་ཁུངས་སྦོམ་ཡོད་མི་དེ་ཡང་ ཧེ་འཇོའི་རྐྱེན་ངན་དེ་ བཙོག་དུང་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ མ་བཞག་ནི་དེ་གིས་ བུཚ་དེ་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྐྱེས་ལོ་༤ ལང་མི་ བུཚ་གཞན་ཅིག་ལུ་ཡང་ གནོད་སྐྱོན་ཚབས་ཆེན་བྱུང་ནུག།
མ་གཞི་ བཙོག་དུང་བཙུགས་མི་ ཁག་འབགཔ་གིས་ ཚེ་འདས་བུཚ་གི་ རོ་བསྡུ་ནི་དང་ དགེ་རྩ་བསྒྲུབ་ནིའི་ནང་ ཆ་རོགས་འབད་དོ་ཡོད་རུང་ ཉེན་སྲུང་གི་ ཐབས་ལམ་ལུ་ གཙོ་བོར་མ་བཏོན་པར་ མིའི་ཚེ་སྲོག་ལུ་ བར་ཆད་བྱུང་མི་དེ་ བཟོད་བསྲན་འབད་མ་ཚུགསཔ་ཅིག་ཨིན་མས།
མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྩི་སའི་བཙོག་དུང་ཚུ་ཡང་ ད་ལྟོ་ ལམ་བདའ་སྟེ་ བཙོག་གཡུར་བཟོ་སྐྲུན་འབད་བའི་བསྒང་ཡོད་མིའི་དོན་ལུ་ བརྩེགས་བཞག་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་དང་ ཨ་ལོ་ཚུ་ལུ་ གནོད་ཉེན་སྦོམ་འདུག་ཟེར་ཨིན་མས།
དེ་བཟུམ་མའི་ བྱུང་རྐྱེན་དེ་ འདས་པའི་ལོ་ཚུ་ནང་ཡང་ བྱུང་ཡོདཔ་མ་ཚད་ ད་རེས་ནངས་པར་ ཐིམ་ཕུག་ཁྲོམ་སྡེའི་ ས་ཁོངས་ཚུ་ནང་ སྒྲིམ་ཁྱིམ་བཟོ་སྐྲུན་འབད་ས་དང་ བཙོག་གཡུར་གྱི་དོན་ལུ་ ས་བརྐོ་མི་ དེ་ལས་ ཆུ་གཡུར་ཚུ་གི་ དོང་མ་བསུབས་པར་ བཞག་མི་ཚུ་ལས་ མི་ལུ་ ཤི་རྐྱེན་དང་ གནོད་སྐྱོན་འབྱུང་ནི་གི་ ཉེན་ཁ་སྦོམ་འདུག།
འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ བཟོ་སྐྲུན་གྱི་ ལཱ་ག་ཅི་ར་འབད་རུང་ ཐ་ན་ བཙོག་གཡུར་གྱི་ ཁབ་ཏོག་མེད་པ་ཅིན་ འབྲེལ་ཡོད་དབང་འཛིན་དང་ ཁག་འབགཔ་ཚུ་གི་ ཁ་ཐུག་ལས་ དེ་འཕྲོ་ལས་ ཉེན་སྲུང་གི་ ཐབས་ལམ་ཚུ་བཏོན་དེ་ ཉེན་ཁ་ཡོད་པའི་ ས་ཁོངས་ཚུ་ནང་ ཚོས་གཞི་ཅན་གྱི་ཐགཔ་དང་ ཡང་ཅིན་ རས་དམརཔོ་ཚུ་བསྒོར་ཐོག་ལས་ མི་མང་ལུ་ དྲན་ཤེས་བཏོན་དགོ་པའི་ ཉེན་བརྡ་དང་ ས་ཁོངས་དེ་ཚུ་ནང་ ཕར་ཚུར་འགྱོ་ནི་ལས་ འཛེམ་དགོ་པའི་ བརྡ་བསྐུལ་ཚུ་ བྱིནམ་ཨིན་མས།
འབྲུག་ལུ་འབད་བ་ཅིན་ བཟོ་སྐྲུན་ས་ཁོངས་ཚུ་ནང་ འདི་བཟུམ་མའི་ ཉེན་བརྡ་དང་ བརྡ་བསྐུལ་གསལ་བསྒྲགས་རེ་གཉིས་མ་གཏོགས་ མཐོང་སྲོལ་མེདཔ་ལས་ འབྲེལ་ཡོད་དབང་འཛིན་ ཁྲོམ་སྡེ་དང་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ ཁག་འབགཔ་དང་ ཁྱིམ་གྱི་ཇོ་བདག་ཚུ་ལུ་ ཉེན་སྲུང་གི་ ཐབས་ལམ་བཏོན་དགོ་པའི་ གོ་བརྡ་སྤྲོད་ནི་དང་ དུས་རྒྱུན་དུ་ ལྟ་རྟོག་འབད་དགོཔ་བཞིན་དུ་ གལ་སྲིད་ སྣང་མེད་ལུ་བརྟེན་ རྐྱེན་ངན་རེ་བྱུང་པ་ཅིན་ ཁག་འབགཔ་དང་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ ཉེན་ཁ་དང་ འགན་འཁྲི་བཀལ་ནི་དེ་གལ་ཆེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *