ཁྲོམ་སྡེ་བཙག་འཐུའི་དོན་ལུ་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༢༦.༣ མ་གཏོགས་མེདཔ།

༉ ཐིམ་ཕུག་ལུ་ མི་འབོར་༡༡༤,༥༥༡ ཡོད་ས་ལས་ ཁྲོམ་སྡེ་བཙག་འཐུ་ཐེངས་༣ པའི་དོན་ལུ་ མི་༨,༠༠༧ རྐྱངམ་གཅིག་གིས་ ཐོ་བཀོད་འབད་དེ་ཡོད་པའི་ཁར་ ཚོགས་རྒྱན་བཙུགས་ནིའི་ ཁྱད་ཚད་ལྡན་མི་ཡང་ བརྒྱ་ཆ་༦.༩ ལས་བརྒལ་ མེདཔ་ཨིན་པས།

དེ་བཟུམ་སྦེ་ ཕུན་ཚོགས་གླིང་ཁྲོམ་སྡེའི་དོན་ལུ་ རྒྱལ་ཡོངས་ཁྱིམ་དང་ མི་རློབས་གྲངས་རྩིས་༢༠༡༧ ཅན་མ་དང་འཁྲིལཝ་ད་ ཁྲོམ་སྡེའི་ནང་ མི་འབོར་བསྡོམས་༢༧,༦༥༨ ཡོད་མི་ལས་༩༣༢ རྐྱངམ་གཅིག་གིས་ ཐོ་བཀོད་འབད་ཡོདཔ་ད་ ཁྲོམ་སྡེའི་མི་འབོར་ཡོངས་བསྡོམས་ལས་ ཚོགས་རྒྱན་བཙུགས་ནིའི་ ཁྱད་ཚད་ལྡན་མི་བརྒྱ་ཆ་༣.༤ མ་གཏོགས་ མེདཔ་ཨིན་པས།

དགེ་ལེགས་ཕུག་ཁྲོམ་ཁར་ མི་འབོར་༩,༨༥༨ ཡོད་ས་ལས་༡,༥༤༢ ཀྱིས་ ཐོ་བཀོད་འབད་ཡོདཔ་ད་ དེ་ནང་ ཚོགས་རྒྱན་བཙུགས་ནིའི་ ཁྱད་ཚད་ལྡན་མི་བརྒྱ་ཆ་༡༦ ལས་བརྒལ་མེདཔ་ཨིན་པས།

ཐིམ་ཕུག་བར་སྦིས་ས་ལུ་སྡོད་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ མོ་རའི་མི་རྩིས་དེ་ གཞལམ་སྒང་ལུ་ཡོད་རུང་ ཐིམ་ཕུག་ཁྲོམ་སྡེའི་ མཐུན་རྐྱེན་དང་ ཞབས་ཏོག་ཚུ་ སྤྱོད་དོ་ཡོདཔ་ལས་ ཡར་དྲག་གཏང་དགོཔ་ཡོད་པའི་ ས་ཁོངས་ཚུ་ ཤེས་ཟེར་ཨིན་པས།

གལ་སྲིད་ མོ་ར་ ཚོགས་རྒྱན་བཙུགས་ཆོག་པ་ཅིན་ ད་ལྟོ་ གོང་འཕེལ་གཏང་དགོ་པའི་ ལས་སྣ་ཚུ་ལུ་ ཤུགས་བཏོན་ནི་ཨིན་མི་ ཁྲོམ་དཔོན་ཅིག་ ངོས་འཛིན་འབད་ཚུགས་ཟེར་ བཤདཔ་ཨིན་པས།

ཨིན་རུང་ འབྲུག་གི་བཙག་འཐུ་བཅའ་ཁྲིམས་༢༠༠༨ ཅན་མ་དང་འཁྲིལཝ་ད་ འདེམས་ཁོངས་ནང་ སྡོད་མི་ཚུ་གིས་མ་གཏོགས་ ཚོགས་རྒྱན་བཙུགས་མི་ཆོགཔ་ཨིན་པས། བཅའ་ཁྲིམས་ཀྱི་ དོན་ཚན་༡༠༠ དང་འཁྲིལཝ་ད་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ མི་རྩིས་ཚུ་ ཁྲོམ་དེ་ནང་འཁོད་དེ་ ཉུང་མཐའ་ལོ་༡ ལས་མ་ཉུངམ་སྦེ་དགོཔ་ཨིན་པས།

ཁྲོམ་སྡེ་༢ ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༠,༤༨༡ ལས་༡,༥༤༢ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཨིན་པས།

ད་རེས་ཀྱི་ བཙག་འཐུའི་དོན་ལུ་ ཁྲོམ་སྡེའི་བཙག་འཐུ་ཐེངས་༢ པ་དང་ཕྱདཔ་ད་ ཐིམ་ཕུག་ལུ་་འདེམས་ཁོངས་༧ གྱི་ནང་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༡༠ ཡར་སེང་སོང་ཡོདཔ་ད་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ཁྲོམ་སྡེ་ཚུ་ནང་ བརྒྱ་ཆ་༢༠.༡༠ དང་༣༧.༥ ཡར་སེང་སོང་ནུག།

ཁྲོམ་སྡེའི་བཙག་འཐུ་ ཐེངས་༣ པའི་ ཁས་བླངས་གསལ་བསྒྲགས་དེ་ རེས་གཟའ་སྤེན་པ་ལས་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *