ཁྲོམ་སྡེ་བཙག་འཐུའི་དོན་ལུ་ ལྷན་ཐབས་ཚོགས་རྒྱན་བཙུགས་སའི་ ས་ཁོངས་མི་འོང་ནི།

༉ འདས་པའི་སྤྱི་ཚོགས་ཀྱི་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ རང་སོའི་འདེམས་ཁོངས་ནང་ ལྷོད་མ་ཚུགས་མི་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ལྷན་ཐབས་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ཆོགཔ་ བཟོ་མི་བཟུམ་སྦེ་ ཟླཝ་འདི་གི་ ཟླ་མཇུག་ཁམས་ལུ་ འགོ་འདྲེན་འཐབ་མི་ ས་གནས་གཞུང་གི་ ཁྲོམ་སྡེ་བཙག་འཐུ་ནང་ གོ་སྐབས་མི་བྱིན་ནི་ཨིན་པས།

བཙག་འཐུ་ལས་ཁུངས་ལས་ གཙོ་འཛིན་འགོ་དཔོན་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ བཙག་འཐུའི་ཉིནམ་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ འི་ གནོད་ཉེན་འཚུབས་ཆེན་མེད་པར་ ད་ལྟོ་བཟུམ་སྦེ་ གནས་སྟངས་ལེགས་ལྡན་ཐོག་ གནས་པ་ཅིན་ ལྷན་ཐབས་ཚོགས་རྒྱན་བཙུགས་སའི་ ས་ཁོངས་གཞི་བཙུགས་མི་འབད་ཟེར་ཨིན་པས།

དེ་ཡང་ རང་སོའི་ཁྲོམ་སྡེ་ནང་མེན་པར་ རྫོང་ཁག་གི་ ས་གོ་གཞན་ཚུ་ནང་ སྒེར་སྡེ་དང་ ལས་འཛིན་ ཚོང་ལཱ་ སློབ་ཕྲུག་ དེ་ལས་ ཞི་གཡོགཔ་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་མི་ལུ་བརྟེན་ཨིན་ཟེར་ གཙོ་འཛིན་གྱིས་ བཤད་ཡོདཔ་ད་ ཁོང་གིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།

གལ་སྲིད་ ཀོ་བིཌ་-༡༩ ལུ་བརྟེན་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ཐེངས་༣ པ་ འགོ་འདྲེན་འཐབ་དགོཔ་ འབྱུང་པ་ཅིན་ ཁྲོམ་སྡེ་རེ་ལུ་ ལྷན་ཐབས་ཚོགས་རྒྱན་བཙུགས་ནིའི་ ས་ཁོངས་རེ་ གཞི་བཙུགས་འབད་ནི་དང་ མི་གཞན་ཚུ་ ངོས་འཛིན་འབད་ཡོད་པའི་ རང་སོའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ འགྱོ་ཞིནམ་ལས་ ཚོགས་རྒྱན་བཙུགས་དགོ་ཟེར་ གཙོ་འཛིན་གྱིས་ བཤད་ཅི།

ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ཡང་མངམ་སྦེ་བཟོ་ནི་ ཡང་ཅིན་ གསོ་བའི་སྒྲིག་གཞི་དང་ རྒྱལ་ཡོངས་ཀོ་བིཌ་-༡༩ལས་བྱེད་ཚོགས་ཆུང་གི་ བྱ་སྒོ་དང་བསྟུན་ ངོས་འཛིན་ཅན་གྱི་ ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་ནིའི་ ས་ཁོངས་བཟོ་ནིའི་ འཆར་གཞི་དང་ ཐབས་ལམ་ཚུ་ གྲ་སྒྲིག་འབད་དེ་ཡོད་ཟེར་ བཤདཔ་ཨིན་པས།

ཧེ་མ་འབད་བ་ཅིན་ ཞི་གཡོགཔ་དང་ གཞུང་ཚབ་ཡིག་ཚང་ནང་ ལཱ་འབད་མི་ དེ་ལས་ སློབ་ཕྲུག་དང་ དྲག་ཁག་༣ གྱི་དམག་མི་ སྦྱོང་བརྡར་འབད་མི་ཚུ་ལུ་ བཙག་འཐུའི་ཁྲིམས་ལུགས་དང་འཁྲིལ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་ཡོདཔ་ཨིན་པས།

ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ རྫོང་ཁག་ག་ཏེ་སྡོད་རུང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་པ་ཅིན་ འགྲེམ་ཐོག་ཚོགས་རྒྱན་ ཡང་ཅིན་ ལྷན་ཐབས་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ལས་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་ཡི་ཟེར་ཨིན་པས།

ཨིན་རུང་ དུས་ཅི་ ཐབས་ལམ་བཏོན་ཏེ་ རྫོང་ཁག་གི་ ས་གནས་ག་ཏེ་ཨིན་རུང་ ཞི་གཡོགཔ་དང་ དྲག་ཁག་༣ གྱི་དམག་མི་ སློབ་ཕྲུག་ སྒེར་སྡེ་ ཚོང་ལཱ་ དེ་ལས་ ལས་འཛིན་ཚུ་ནང་ ལཱ་འབདཝ་ཨིན་ཟེར་ ལྷན་ཚོགས་དང་ ཐོ་བཀོད་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་དོ་ཟེར་ཨིན་པས།

ཐིམ་ཕུག་ཁྲོམ་སྡེ་ནང་ བར་སྦིས་ས་འདེམས་ཁོངས་དང་ ལྕང་བང་གྲུ་-ཨོ་ལ་ཁ་འདེམས་ཁོངས་ ལྕང་སྒང་ཁ་འདེམས་ཁོངས་ བདེ་ཆེན་ཆོས་གླིང་-རྟ་བབ་ འབྱུང་བཞི་ནང་-ཀ་ཝང་བྱང་ས་ མུ་ཏིག་ཐང་ དེ་ལས་ ནོར་འཛིན་འདེམས་ཁོངས་སྦེ་ འདེམས་ཁོངས་༧ ཡོདཔ་ཨིན་པས།

གཙོ་འཛིན་འགོ་དཔོན་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ལྕང་བང་གྲུ་-ཨོ་ལ་ཁ་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་ མང་སུ་ཡོདཔ་ལས་ གསོ་བའི་བསླབ་བྱ་དང་ ནད་ཡམས་ཀྱི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ མི་ཚུ་གི་བར་ན་ ས་སྟོང་བཞག་དགོ་མི་ལུ་བརྟེན་ ལྕང་བང་གྲུ་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ར་ ད་རུང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༡ ཐེབས་གཞི་བཙུགས་འབད་ནི་ཟེར་ཨིན་པས།

ཐིམ་ཕུག་ལུ་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་མི་བསྡོམས་༨,༠༠༧ ཡོད་མི་ལས་ ལྕང་བང་གྲུ་-ཨོ་ལ་ཁ་འདེམས་ཁོངས་ནང་ མི་༢,༡༠༤ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ འབྱུང་བཞི་ནང་-ཀ་ཝང་བྱང་ས་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་ མི་༡,༤༡༡ དང་ ནོར་འཛིན་འདེམས་ཁོངས་ནང་ མི་༡,༥༢༡ དེ་ལས་ འདེམས་ཁོངས་གཞན་ཚུ་ནང་ མི་༩༠༠ དེ་ཅིག་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ལུ་ འཇམ་དཔལ་གླིང་འདེམས་ཁོངས་དང་ གནམ་ཁ་གླིང་ རབ་སྡེ་གླིང་ བསམ་གྲུབ་གླིང་ བསོད་ནམས་དགའ་ཚལ་ དེ་ལས་ བཀྲིས་གླིང་འདེམས་ཁོངས་༦ ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༡,༥༤༢ ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༩༣༢ ཡོད་མི་ལས་ མཐོ་ཤོས་ར་ ཕུན་ཚོགས་གླིང་ཁྲོམ་སྟོད་འདེམས་ཁོངས་ནང་ མི་༢༠༢ དང་ དམའ་ཤོས་ གནས་བྲག་འདེམས་ཁོངས་ནང་ མི་༨༩ དེ་ལས་ དཔག་བསམ་ཁ་འདེམས་ཁོངས་ནང་ མི་༡༣༧ རིན་ཆེན་ལྡིངས་འདེམས་ཁོངས་ནང་ མི་༡༠༨ པད་དཀར་ཞིང་འདེམས་ཁོངས་ནང་ མི་༡༩༥ ཕུན་ཚོགས་གླིང་སྨད་འདེམས་ཁོངས་ནང་ མི་༢༠༡ ཡོད་མི་དེ་ མཐོ་ཤོས་༢ པ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢༨ ལུ་ དྲོ་པ་ཆུ་ཚོད་༨ ལས་ ཕྱི་རུ་ཆུ་ཚོད་༦ ཚུན་ ཚོགས་རྒྱན་བཙུགས་ཆོག་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *