ཁྲོམ་སྡེ་བཙག་འཐུ་༣ པ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ འགོ་འདྲེན་འཐབ་ནི།

༉ ཕུན་ཚོགས་གླིང་དང་ ཐིམ་ཕུག་ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་༣ གྱི་ ཁྲོམ་དཔོན་དང་ འཐུས་མིའི་བཙག་འཐུ་ཐེངས་༣ པ་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབདཝ་ཨིན་པས།

དེ་ཡང་ གདམ་ངོའི་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལས་ འགོ་བཙུགས་ནི་ཨིནམ་བཞིན་དུ་ བཙག་འཐུའི་སྐུལ་བསྒྲགས་དེ་ སྤྱི་ཟླ་༤ པའི་ཚེས་༢ ལས་༢༦ གི་དྲོ་པའི་ཆུ་ཚོད་༨ ཚུན་ ཉིན་གྲངས་༢༤ གི་རིང་ འབད་ཆོག་ནི་ཨིན་པས།

ལྷན་ཚོགས་དང་འཁྲིལཝ་ད་ ཁྲོམ་སྡེ་ཚོགས་པའི་ གོ་གནས་ལུ་ དང་འདོད་ཅན་གྱི་ འདེམས་ངོ་གིས་ རང་སོའི་འདེམས་ཁོངས་ནང་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་ཚུ་ལས་ རྒྱབ་སྐྱོར་གྱི་ མིང་རྟགས་ལེན་པའི་སྐབས་ ཁ་རས་དང་ ལག་ཤུབས་ལག་ལེན་འཐབ་ནི་  བར་ན་ས་སྟོང་བཞག་ནི་  ཚོགས་རྒྱན་སྐྱུར་མི་ཚུ་དང་གཅིག་ཁར་ ཕོ་མོའི་ཁྱིམ་གྱི་ཕྱི་ཁར་ འབྲེལ་བ་འཐབ་དགོཔ་ཨིན་པས།

སྐུལ་བསྒྲགས་དེ་ ལྷན་ཚོགས་ཀྱིས་ ཕྱིར་སྤེལ་འབད་ཡོད་པའི་ ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་ནང་ སྤྱི་ལོ་༢༠༢༡ ཁྲོམ་སྡེ་བཙག་འཐུའི་ ལམ་སྟོན་དང་ སྒྲིག་གཞི་ཚུ་དང་འཁྲིལ་ འགོ་འདྲེན་འཐབ་དགོ་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤྱི་སྙོམས་འཛོམས་འདུ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ཉེན་སྲུང་ཐབས་ལམ་ཚུ་ལུ་ གནས་དགོ་ཟེར་ཨིན་པས།

བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༧༨ པ་དང་འཁྲིལ་ ཁྱད་ཚད་ལྡན་མི་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་ཅིག་ ཁྲོམ་དཔོན་ ཡང་ཅིན་ ཁྲོམ་སྡེ་ཚོགས་པའི་ གོ་གནས་ལུ་ བཙག་འཐུའི་འདེམས་ངོ་ཅིག་སྦེ་ གདམ་ངོ་བཏོན་ནིའི་ ཁྱད་ཡོན་ཡོད་ཟེར་ཨིན་པས།

ཁྲོམ་སྡེ་ཚོགས་སྡེའི་ འདེམས་ཁོངས་ཚུ་ ཁྲོམ་དཔོན་གྱི་ གོ་གནས་ལུ་ དོ་འགྲན་འབད་ནིའི་དོན་ལུ་ འདེམས་ངོ་རེ་ བཏོན་ནིའི་ ཐོབ་དབང་ཡོདཔ་ད་ བཙག་འཐུའི་ནང་ དོ་འགྲན་འབད་འདོད་ཡོད་མི་ འདེམས་ངོ་ཅིག་ གདམ་འཐུ་འབད་ནིའི་དོན་ལས་ ཁྲོམ་སྡེ་ཚོགས་པའི་ འདེམས་ཁོངས་ག་རའི་ནང་ རྫོང་ཁག་བཙག་འཐུ་དབང་འཛིན་གྱིས་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་དགོཔ་ཨིན་པས།

བཙག་འཐུ་ནང་ དོ་འགྲན་འབད་འདོད་ཡོད་མི་ལུ་ ཁྲོམ་སྡེ་ཚོགས་པའི་ འདེམས་ཁོངས་ལས་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་ ཉུང་ཤོས་རྒྱ་ཆ་༥ གིས་ ཁྲོམ་སྡེ་ཚོགས་པའི་ གོ་གནས་ལུ་ ཁོ་/མོ་རའི་ གདེམས་ངོའི་རྒྱབ་སྐྱོར་ཡོད་པའི་ མིང་རྟགས་དགོཔ་མ་ཚད་ ཚོགས་རྒྱན་སྐྱུར་མི་གཅིག་གིས་ གདེམས་ངོ་གཅིག་ལས་ལྷག་ རྒྱབ་སྐྱོར་འབད་ནི་མེདཔ་ཨིན་པས།

གསལ་བསྒྲགས་ནང་ བློན་པོ་དང་ སྤྱི་ཚོགས་ཀྱི་འཐུས་མི་ སྲིད་དོན་ཚོགས་པའི་ལས་བྱེདཔ་ ཡང་ཅིན་ འཐུས་མི་ ས་གནས་གཞུང་གི་ འགན་འཁྲི་འཆང་མི་ཚུ་གིས་ འདེམས་ངོ་ག་གི་དོན་ལས་ཡང་ བཙག་འཐུ་ནང་ ཐད་ཀར་དང་ ཐད་ཀར་མིན་པའི་ སྐུལ་བསྒྲགས་འབད་མི་ཆོག་ཟེར་བཀོད་ནུག། 

བཙག་འཐུའི་དུས་ཡུན་སྐབས་ བློན་པོ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་ ཁོ/མོ་རའི་ འདེམས་ཁོངས་ནང་ བཙག་འཐུའི་བཅའ་ཁྲིམས་དོན་ཚན་༣༣༡ པའི་མངའ་འོག་ ཁོང་ར་དང་ ཁོང་རའི་བཟའ་ཟླ་ཚུ་ལུ་ ཐོབ་དབང་སྤྲོད་དེ་ཡོད་པའི་ འགྲེམ་ཐོག་རྒྱན་ཤོག་གི་ མཐུན་རྐྱེན་དེ་ ལག་ལེན་འཐབ་ནི་ ཨིན་པ་ཅིན་ འདེམས་ཁོངས་ནང་ ཚོགས་རྒྱན་ཉིནམ་ལུ་ རང་སོའི་ཚོགས་རྒྱན་བཙུགས་ནི་དོན་ལུ་ འགྱོ་ནི་མ་གཏོགས་ གཞན་འགྲོ་འགྲུལ་ ཡང་ཅིན་ གཞུང་འབྲེལ་ལྟ་སྐོར་ཚུ་ མི་ཆོག་ནི་ཨིན་པས།

གལ་སྲིད་ བྱ་ཐབས་མེད་པར་ འདེམས་ཁོངས་ནང་ འགྱོ་དགོཔ་འཐོན་པ་ཅིན་ ཁོ/མོ་གིས་ ལྷན་ཚོགས་དང་ ཡང་ཅིན་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ལུ་ སྙན་ཞུ་འབད་དགོ་ཟེར་ གསལ་བསྒྲགས་ནང་བཀོད་ནུག།

ཁྲོམ་དཔོན་གྱི་ལུ་ མི་དམངས་རྩོད་འགྲན་དེ་ ཐིམ་ཕུག་དང་ དགེ་ལེགས་ཕུག་ དེ་ལས་ ཕུན་ཚོགས་གླིང་ལུ་ སྤྱི་ཟླ་༤ པའི་ཚེས་༡༢ དང་༡༣ དེ་ལས་༡༤ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་དེ་ སྤྱི་ཟླ་༣ པའི་ཚེས་༡ ལས་འགོ་བཙུགས་ཏེ་ སྤྱི་ཚེས་༢༣ ལུ་ མཇུག་བསྡུ་ནི་ཨིན་པས།

ཁྲོམ་སྡེ་ཚོགས་སྡེའི་ ལོ་༥ གི་ གནས་ཡུན་དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ མཇུག་བསྡུ་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ ཁྲོམ་སྡེའི་ལམ་ལུགས་ གཞི་བཙུགས་འབད་དེ་ ལོ་༡༠ ལང་ཡོདཔ་ཨིན་པས།

བཙག་འཐུ་བཅའ་ཁྲིམས་དང་འཁྲིལཝ་ད་ འདེམས་ཁྲི་སྟོངམ་ཐོན་པའི་ཉིནམ་ལས་ སྤྱི་ཚོགས་ནང་ ཨིན་པ་ཅིན་ དུས་མིན་བཙག་འཐུ་དེ་ དུས་ཡུན་ཉིན་གྲངས་༩༠ འི་ནང་འཁོད་ལུ་ འགོ་འདྲེན་འཐབ་དགོཔ་ཨིན་པས།

ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེའི་ གནས་ཡུན་༢ པ་དེ་ ཚང་ཡོདཔ་བཞིན་དུ་ དགེ་ལེགས་ཕུག་གི་ཁྲོམ་དཔོན་ ཊི་ཀ་རམ་ཀཱཕ་ལེ་དང་ ཕུན་ཚོགས་གླིང་གི་ཁྲོམ་དཔོན་ ཨུ་ཊར་ཀུ་མ་རའེ་༢ ཀྱི་ གནས་ཡུན་དང་པ་དེ་ ཚང་ཡོདཔ་ཨིན་པས།

ཁྲོམ་སྡེ་༣ ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༡༠,༠༠༠ གིས་ ཐོ་བཀོད་འབད་དེ་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ བཙག་འཐུ་དེ་ སྤྱི་ཟླ་༩ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *