ཁྲོམ་གྱི་ས་ཁོངས་ཚུ་ནང་ འཐབ་འཛིང་དང་འབྲེལ་བའི་ རྩོད་དོན་མངམ་ཐོན་དོ་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ སྒེར་འཁོར་ཀཱར་ཅིག་གིས་ རོ་ཁྱི་ཅིག་ བསྣད་བདའ་མི་དང་ བུཚ་སྡེ་ཚན་ཅིག་གིས་  བུཚ་གཞན་ཅིག་ལུ་ བརྡུང་རྫོབ་འབད་བའི་ དུས་ཐུང་གློག་བརྙན་ཚུ་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་འགྱོ་སར་མཐོངམ་ད་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ འབྲུག་མི་ལེ་ཤ་ཅིག་ལུ་ སེམས་དང་མ་ལྡན་པར་ བྱུང་ཡོདཔ་ཨིན་པས།

ཐིམ་ཕུག་གི་ སློབ་གྲྭ་ཅིག་ནང་ལས་ སློབ་ཕྲུག་སྡེ་ཚན་ཅིག་གིས་ བུཚ་ཅིག་བརྡུང་རྫོབ་འབད་ཡོདཔ་ད་ དེ་བསྒང་ སློབ་ཕྲུག་བུཚ་ག་ར་  སློབ་གྲཱའི་སྒྲིག་གོ་ནང་ཡོདཔ་ཨིན་པས།

ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ གནད་དོན་འདི་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ར་ཡོདཔ་ལས་ སླབ་མ་བཏུབ་ཨིན་རུང་ གནས་ཚུལ་གྱི་ འབྱུང་ཁུངས་དང་འཁྲིལཝ་ད་ བྱ་ངན་དེ་ འདས་པའི་ཟླཝ་༡ དང་ཕྱེད་ཀྱི་ཧེ་མར་ བྱུང་ཡོདཔ་མ་ཚད་ གནད་དོན་དེ་ འཐབ་རྩོད་ཨིནམ་ལས་ འཕྲལ་མགྱོགས་ར་ བུཚ་དེ་ཚུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་འོང་ཟེར་ཨིན་པས།

སློབ་གྲྭའི་བདག་སྐྱོང་གི་ ཁ་ཐུག་ལས་འབད་བ་ཅིན་ ཁོང་གི་སློབ་ཕྲུག་ཚུ་ འཐབ་འཛིང་ནང་ འབྲེལ་འཛིན་འབད་ཡོདཔ་ ཤེས་རྟོགས་བྱུང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ལས་ ད་ལྟོ་ གནད་དོན་འདི་གི་སྐོར་ སླབ་ནི་དེ་ ཧ་དྲག་པས་ཟེར་ཨིན་མས།

སློབ་གྲྭའི་དབུ་འཛིན་གྱིས་འབད་བ་ཅིན་ སྟབས་ངན་འདི་ལུ་བལྟ་སྟེ་ སེམས་ཕམ་བྱུང་ཡོད་མི་དེ་ཡང་ སློབ་ཕྲུག་ཚུ་གི་ བྱ་སྤྱོད་ལེགས་ཤོམ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་ ནམ་དུས་ལུ་ བྱུང་ནུག་ཟེར་ཨིན་མས།

དབུ་འཛིན་གྱིས་ སླབ་མིའི་ནང་ འདི་བཟུམ་མའི་ སྒྲིག་ཁྲིམས་དང་འབྲེལ་བའི་ དཀའ་ངལ་བྱུང་མིའི་ གནད་དོན་ཚུ་ཡང་ ཨ་ལོའི་ནང་འཁོད་ལུ་ རྒྱུད་བསྐུལ་དང་ ཕམ་ཉམ་ཆུང་ དེ་ལས་ གཉེན་ཉེཝ་ཚུ་དང་ བརྟེན་སྡོད་མི་ཚུ་ལས་ བྱུང་དོ་ཡོདཔ་ད་ ད་རེས་ཀྱི་ འཐབ་རྩོད་ནང་ གྲལ་གཏོགས་འབད་མི་ སློབ་ཕྲུག་ཚུ་ བརྟེན་སྡོད་མི་ཨིན་ན་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་རུང་ བྱུང་རྐྱེན་དེ་ཚུ་ ཐིམ་ཕུག་ལུ་ འགོ་དང་པ་ཐོནམ་མེན་ཟེར་ བཤདཔ་ཨིན་མས།

ལོ་དག་པ་ཅིག་གི་ཧེ་མ་ཡང་ བུཚ་སྡེ་ཚན་ཅིག་གིས་ ཕུཊ་བཱོལ་རྩེད་ཐང་ཅིག་ནང་ བུཚ་གཞན་ཅིག་ བརྡུང་རྫོབ་འབད་བའི་ དུས་ཐུང་གློག་བརྙན་ཁྱབ་སྤེལ་སོང་ཡོདཔ་ད་ བྱུང་རྐྱེན་གཞན་ཅིག་ནང་ མཐོ་རིམ་སློབ་ཕྲུག་བགྲེསཔ་དག་པ་ཅིག་གིས་ སློབ་ཕྲུག་གཞན་ཅིག་ལུ་ ཁོ་རའི་ལྷམ་གུ་ འུ་བཀལ་བཅུག་ནུག།

ད་རུང་ ཐིམ་ཕུག་གི་ སློབ་གྲྭ་༢ ལས་ སློབ་ཕྲུག་བུམོ་ཚུ་ འཐབ་འཛིང་འབད་བའི་ དུས་ཐུང་གློག་བརྙན་དེ་ཡང་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་སོང་ནུག།

སྤྱི་ལོ་༢༠༡༧ ལུ་ སྐྱེས་ལོ་༡༥ ལང་མི་ སློབ་ཕྲུག་ཅིག་  སློབ་ཕྲུག་གཞན་ཅིག་དང་མཉམ་  འཐབ་འཛིང་འབད་བའི་ཤུལ་ལུ་ གྱོངས་སོཔ་ཨིན་མས།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ན་གཞོན་ཚུ་གི་ ནང་འཁོད་ལུ་ རྩུབ་སྤྱོད་དང་ འཐབ་འཛིང་ལ་སོགས་པ་བྱུང་མིའི་ རྒྱུ་རྐྱེན་དག་པ་ཅིག་ ངོས་འཛིན་འབད་མི་དེ་ཡང་ ཕམ་ཚུ་གིས་ ཨ་ལོ་ཚུ་ལུ་ ལྟ་རྟོག་དང་ བསླབ་ཚུལ་ལྡན་མ་བྱིན་པའི་ཁར་ སྒྲིག་ཁྲིམས་ཡངས་སུ་སྦེ་བཞག་མི་ དེ་ལས་ ཕམ་དང་བུ་གཞིའི་བར་ན་ ཕན་ཚུན་འབྲེལ་བ་གངམ་མ་འཐབ་མི་ལུ་བརྟེན་ཨིན་པའི་གནས་ཚུལ།

པདྨ་ཆོས་སྐྱིད།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *