ཁྲོམ་གྱི་ས་ཁོངས་ནང་ ཁྱིམ་རྐྱབ་ཆོག་ཟེར་ ཞབས་ཏོག་བློན་པོ་གིས་ཞུ་ཡོདཔ།

༉ མོང་སྒར་ཁྲོམ་གྱི་ས་ཁོངས་ ཊའི་ལིང་དང་ ལྕང་ཤིང་པེག་ལུ་ ཚོང་འབྲེལ་གྱི་སྒྲིང་ཁྱིམ་ རྐྱབ་མ་ཆོག་པར་ བཀག་ཆ་འབད་ཡོད་པའི་ གནད་དོན་དེ་ རྒྱལ་ཁབ་ཀྱི་ དབུ་འཕང་མཐོ་བའི་ ཚོགས་ཁང་ཆེན་མོ་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་གནང་ཡི།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ མོང་སྒར་འདེམས་ཁོངས་ཀྱི་འཐུས་མི་ ཀརྨ་ལྷ་མོ་གིས་ ཁྲོམ་སའི་འོག་ལུ་ ཚུད་ཡོད་མི་ ས་ཁོངས་༢ ནང་ སྡོད་ཁྱིམ་རྐྱབ་ཆོག་རུང་ ཚོང་འབྲེལ་གྱི་ སྒྲིང་ཁྱིམ་ རྐྱབ་མ་ཆོགཔ་སྦེ་ བཟོ་མི་དེ་ རྒྱུ་མཚན་ག་ཅི་ལུ་བརྟེན་ཨིན་ན་ཟེར་ ཞབས་ཏོག་བློན་པོ་ལུ་ དྲི་བ་ཞུ་ཡི།

མོ་གིས་འབད་བ་ཅིན་ མོང་སྒར་ཁྲོམ་དེ་ ཤར་ཕྱོགས་ལུང་ཕྱོགས་ལྟེ་བ་ཨིན་པའི་ཁར་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དང་ ལས་སྡེ་ཁག་ཚུ་གི་ ཡིག་ཚང་ལེ་ཤ་ཡོད་མི་ལུ་བརྟེན་ ད་རེས་ནངས་པར་ དེ་ཁར་སྡོད་མི་ཚུ་ལུ་ སྡོད་ཁྱིམ་མ་ཐོབ་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་འདུག་ཟེར་ཨིན་པས།

དེ་འབདཝ་ལས་ ས་ཁོངས་དེ་གཉིས་ནང་ སྡོད་ཁྱིམ་རྐྱངམ་གཅིག་མེན་པར་ ཚོང་འབྲེལ་གྱི་ སྒྲིང་ཁྱིམ་ཚུ་ རྐྱབ་ཆོག་པའི་ གནང་བ་དང་ ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ལྷན་ཁག་གི་ ཁ་ཐུག་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་གྱི་ སྡོད་ཁྱིམ་རྐྱབ་ནིའི་འཆར་གཞི་ ག་དེ་སྦེ་ཡོདཔ་ཨིན་ན་ཟེར་ འཐུས་མི་གིས་ཞུ་ཡི།

ཞབས་ཏོག༌བློན༌པོ༌ རྡོ་རྗེ་ཚེ་རིང་གིས་ ཞུ་མིའི་ནང་ ད་རེས་ མོང་སྒར་ཁྲོམ་ནང་ ས་གནས་ས་ཁོངས་འཆར་གཞི་ ས་གོ་༦ བཟོ་ཚར་ཏེ་ཡོད་མི་ལས་ ཊའི་ལིང་དང་ བྱ་རུང་ཁ་ཤོར་ དེ་ལས་ ལྕང་ཤིང་པེག་ས་ཁོངས་ཚུ་ནང་ ཚོང་འབྲེལ་གྱི་ ཁྱིམ་རྐྱབ་མི་ཆོག་ཟེརཝ་ད་ ཚོང་འབྲེལ་གྱི་ ཁྱིམ་རྐྱབ་ཐངས་ ལྷམ་པ་༢ ཡོད་ཟེར་ཨིན་པས།

ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ ཁྱིམ་རྐྱབ་ཐངས་གཅིགཔོ་དེ་ སྡོད་ཁྱིམ་ཨིན་རུང་ གླ་ཁར་སྤྲོད་པ་ཅིན་ ཁང་གླ་ལུ་བརྟེན་ ཚོང་རྐྱབ་ནི་དེ་གིས་ ཚོང་འབྲེལ་གྱི་ཁྱིམ་སྦེ་ བརྩི་འཇོག་འབད་ཡོདཔ་བཞིན་དུ་ ས་ཁོངས་ནང་ དེ་ཚུ་ག་ར་ རྐྱབ་ཆོགཔ་སྦེ་ཡོད་ཟེར་ཨིན་པས།

ཚོང་ཁང་བཙུགས་ཏེ་ སྡོད་ཁྱིམ་རྐྱབ་ནི་དེ་ ས་ཁོངས་༣ ནང་ རང་སོའི་ས་ཁོངས་དང་བསྟུན་ ཐོབ་ཐངས་ཡོདཔ་བཞིན་དུ་ ས་གནས་ས་ཁོངས་འཆར་གཞི་ལྟེ་བའི་ ནང་འཁོད་ལུ་ སྡོད་ཁྱིམ་ག་ར་ རྐྱབ་ཆོགཔ་སྦེ་ཡོད་ཟེར་ ཞབས་ཏོག་བློན་པོ་གིས་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ས་ཆ་བརྒྱ་ཆ་༣༠ དེ་ཅིག་ ཚོང་འབྲེལ་གྱི་དོན་ལུ་ ག་ཅི་ཨིན་རུང་ རྐྱབ་ཆོགཔ་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།

སྡོད་ཁྱིམ་མངམ་མེད་མིའི་ཐད་ལུ་ བློན་པོ་གིས་ ཞུ་མིའི་ནང་ ཁྲོམ་ཚུ་གི་གྲས་ལས་ མོང་སྒར་ལུ་ སྡོད་ཁྱིམ་ཀྱི་ དཀའ་ངལ་ཐོན་མི་ མི་༤༨༣ ལས་བརྒལ་མིན་འདུག་ཟེར་ཨིནམ་ད་ གཞུང་གིས་ གཙོ་རིམ་དང་པའི་ནང་ ཁང་མིག་༡,༠༠༠ ལྷགཔ་ཅིག་ རྐྱབ་ཚར་ཡོདཔ་བཞིན་དུ་ མོང་སྒར་ཁྲོམ་དེ་ གཙོ་རིམ་༢ པ་ལུ་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ཞུ་ཡི།

དེ་འབདཝ་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ གཙོ་རིམ་༢ པ་ལུ་ སྒྲིག་སྟེ་ཡོདཔ་ལས་ མགྱོགས་པ་ར་ འཆར་གཞི་བརྩམས་ཏེ་ ལས་སྣ་ཚུ་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ ཞབས་ཏོག་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *