ཁྲུས་བབས་བརྩི་སྲུང་གི་ གནད་ཁུངས་མདོར་བསྡུས།

༉ ལོ་བསྟར་བཞིན་དུ་ ཁྲུས་བབས་ཟེར་ བརྩི་སྲུང་འབད་སྲོལ་ཡོད་མི་དེ་ འབྲུག་མི་ཚུ་གི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན་མི་དེ་ཡང་ ཁྲུས་བབས་ཀྱི་ཤུལ་ལས་ ཆརཔ་རྐྱབ་ནིའི་དུས་ཚོད་ མཇུག་བསྡུ་དོ་ཡོདཔ་བཞིན་དུ་ ལོ་གསར་ལ་སོགས་པའི་ དགའ་སྟོན་ཚུ་ཡང་ འགོ་བཙུགས་དོ་ཡོད་མི་ལུ་བརྟེན་ཨིན་པས།

ཁྲུས་བབས་ཟེར་མི་དེ་ དང་ཕུ་ ཕམ་ཚུ་གི་སྐབས་ལས་ར་ བརྩི་སྲུང་འབད་སྲོལ་ཡོད་པའི་   དགའ་སྟོན་དང་ ལམ་སྲོལ་ལམ་ རང་ལུགས་དཔལ་ལྡན་འབྲུག་པའི་ ཕྱག་ཤུལ་བཟང་པོ་ཅིག་ཨིནམ་ལས་ ཉིནམ་དེ་ཁར་ གཞུང་གི་ཁ་ཐུག་ལས་ཡང་ ངལ་གསོ་སྦེ་ བཞགཔ་ཨིན།

རྒྱལ་ཁབ་མཐའ་དབུས་མེད་པའི་ ས་གནས་ཚུ་ནང་ མི་ཚུ་གིས་ ཁྲུས་བབས་དེ་ ཕམ་སྤུན་ཆ་ཚུ་དང་གཅིག་ཁར་ མཛར་ཅུམ་ཚུ་ བཟའ་དོ་ཡོདཔ་བཞིན་དུ་ ཕོ་སྐྱེས་ཚུ་གིས་ མདའ་རྩེད་ལ་སོགས་པའི་ རྩེད་རིགས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།

དུས་ཅི་གི་ ཁྲུས་བབས་ཀྱི་དུས་ཚོད།

རང་ལུགས་དཔལ་ལྡན་འབྲུག་པའི་ ཟླ་ཐོ་དང་འཁྲིལཝ་ད་ ཁྲུས་བབས་དེ་ རང་ཟླ་༨ པའི་ དབུགས་ཐོབ་ཀྱི་ ཉིན་མ་ལུ་ བརྩི་སྲུང་འབད་དོ་ཡོདཔ་བཞིན་དུ་ དུས་ཅི་གི་ ཁྲུས་བབས་དེ་ རང་ཟླ་༧ པའི་ཚེས་༢༨ དང་ སྤྱི་ཟླ་༩ པའི་ཚེས་༢༣ གྱི་ཉིན་མར་ ཆུ་ཚོད་༡༢:༢༥ ལས་འགོ་བཟུང་ བདུན་ཕྲག་༡ གི་རིང་ ཁྲུས་འབབ་ནི་ཨིན་པས།

ཁྲུས་གནང་པའི་སྐབས་ལུ་ སྐར་མ་རི་ཥི་དེ་ སྨན་གྱི་སྐར་མ་འབད་ནི་དེ་གིས་ རང་གི་གནམ་སྨན་གྱི་ཕྱོགས་སུ་ གདོང་ཕྱོགས་བསྒོར་ཏེ་ ཁྲུས་གནང་ནི་དང་ ཡང་ཅིན་ བུམ་པ་གང་བའི་ཕྱོགས་སུ་ བསྒོར་ཞིནམ་ལས་ ཁྲུས་གནང་རུང་ མ་བཏུབ་མེདཔ་བཞིན་དུ་ ད་རེས་ བུམ་པ་གང་བའི་ཕྱོགས་ བྱང་ཁ་ཐུག་ལུ་ ཕོགཔ་ཨིན་པས།

ཁྲུས་བབས་ཀྱི་ ལོ་རྒྱུས་མདོར་བསྡུས།

ཁྲུས་བབས་ཟེར་མི་དེ་ སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་དེ་ རྟེན་པའི་གཞི་འབྱུང་བ་༥ འི་ རང་བཞིན་ལས་གྲུབ་པའི་ རི་རླུང་ལྗོན་ཤིང་ཚུ་དང་ དེ་ལུ་བརྟེན་པའི་ སེམས་ཅན་ཚུ་ ལས་ཀྱི་དབང་གིས་ རིམ་བཞིན་གྲུབ་པའི་ གསེར་གྱི་རི་༧ དང་ རོལ་པའི་མཚོ་༧ གླིང་༤ གླིང་ཕྲན་༨ དང་ ཕྱི་ལྕགས་རི་མཐའ་འཁོར་དང་ བཅས་པའི་སྦུག་ལུ་ རིའི་རྒྱལ་པོ་རི་རབ་ཟེར་ རི་སྦོམ་ཅིག་ ཡོདཔ་ཨིན་པས།

རིའི་རྒྱལ་པོ་རི་རབ་དེ་ རྒྱ་མཚོའི་ཕྱི་ཁར་ལས་ རིང་ཚད་དཔག་ཚད་ བརྒྱད་ཁྲི་ཡོདཔ་མ་ཚད་ ག་ནི་བ་མཛེས་ཆ་དང་ ལྡན་པ་དེ་ཁར་ཆགས་པའི་ རང་བཞིན་ཅིག་ཨིནམ་ད་ རིའི་རྒྱལ་པོ་རི་རབ་ཀྱི་ ཕྱེད་ཀ་ལས་ གསེར་གྱི་གཉའ་ཤིང་འཛིན་གྱི་ སྤྱི་ཏོག་དང་མཉམ་པ་དེ་ལས་ ཉི་ཟླ་སྐར་གསུམ་ཤར་ནི་ཡོདཔ་ཨིན་པས།

དེ་ཚུའི་གྲངས་སུ་ སྐར་མ་རི་ཥི་ཟེར་ ཡོད་མི་དེ་ལུ་ དྲང་སྲོང་རི་ཥི་ལྷའི་སྨན་པ་ སྨན་གྱི་སྐར་མ་ཨིན་ཟེར་ སྨན་གཞུང་ཚུ་ལས་ཡང་ བཤད་སྲོལ་ཡོདཔ་བཞིན་དུ་ ང་བཅས་འཇིག་རྟེན་པ་ཚུ་གིས་ ཁྲུས་བབས་ཟེར་ བསླབ་ཨིན་ཟེར་ ཐིམ་ཕུག་སྤང་རི་ཟམ་པའི་ དགེ་འདུན་རྩིས་གཞུང་མཐོ་རིམ་སློབ་གྲྭའི་དབུ་འཛིན་ སྲིད་ཐར་རྒྱལ་མཚན་གྱིས་ ཁྲུས་བབས་ཀྱི་སྐོར་ལས་ བཤད་ཡོད་མི་དེ་ནང་ བཀོད་ནུག།

སྲིད་ཐར་རྒྱལ་མཚན་གྱིས་ བཤད་མི་དང་འཁྲིལཝ་ད་ སྐར་མ་རི་ཥི་དེ་ ཟླཝ་༦ ཉིན་མ་དང་ ཟླཝ་༦ ནུབ་མོ་ལུ་ ཤར་དོ་ཡོདཔ་ད་ སྤྱིར་གཏང་ལུ་ བཟོ་རྣམ་དེ་ རྒྱུ་སྐར་གཞན་དང་ ཅོག་འཐདཔ་སྦེ་ཡོད་རུང་ སྐར་མ་རི་ཥི་དེ་ རྒྱུ་ནོར་བུ་ཆུ་ཤེལ་ཀེ་ཏ་ཀའི་ རང་བཞིན་ལས་ གྲུབ་སྟེ་ཡོདཔ་ད་ སྟེང་གསེར་གྱི་ ར་བ་གིས་བསྐོར་ཏེ་ ས་གཞི་དང་ ལམ་སྲོལ་བཟང་པོ་ ལྷའི་གྲོང་ཁྱེར་གྱིས་བརྒྱན་སྟེ་ མཛེས་ཆ་དང་ལྡནམ་སྦེ་ ཚད་རྒྱང་གྲགས་༦ དེ་ཅིག་ ཡོདཔ་ཨིན་པས།

གསེར་གྱི་རིའི་མཐའ་འཁོར་ ལྷོ་ཁ་ཐུག་ལུ་ རྒྱ་མཚོ་ཆེན་མོའི་ནང་ན་ ཧེ་མར་ ལྷ་ཀླུ་དྲང་སྲོང་རིག་པ་འཛིན་པ་ཚུ་གིས་ འཛམ་གླིང་གི་ནོརབུ་དང་ རིན་པོ་ཆེའི་རིགས་ ག་ར་གཅིག་ཁར་བསྡུ་ཞིནམ་ལས་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ སྐུ་འདྲ་ཅིག་བཞེངས་ཡོད་མིའི་ དབུའི་གཙུག་ཏོར་གྱི་ཏོག་དེ་ ནོར་བུ་ཆུ་ཤེལ་རང་བཞིན་ལས་ བསྒྲུབས་ཏེ་ཡོདཔ་ཨིན་པས།

དེ་ཁ་ལས་ ལོ་བསྟར་བཞིན་དུ་ ཟླཝ་བརྒྱད་པའི་ དབུགས་ཐོབ་པའི་ཉིནམ་ལུ་ རྒྱུ་སྐར་རི་ཥིའི་ཁང་བཟང་ ནོར་བུ་ཀེ་ཏ་ཀ་དེ་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་གྱི་ ནོར་བུ་ཆུ་ཤེལ་ཏོག་ ཡར་ནམ་མཁའ་ལུ་ལྷོད་པའི་ དུས་མཉམ་ལུ་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ ཐུགས་བསྐྱེད་སྨོན་ལམ་དང་ དྲང་སྲོང་རིག་པ་འཛིན་པ་ཚུ་གིས་ བདེན་ཚིག་རྟེན་འབྲེལ་གྱི་ མཐུ་དང་ནུས་པ་ལུ་བརྟེན་ དབུའི་གཙུག་ཏོར་ལས་ བདུད་རྩིའི་ཟེགས་མ་ བདུན་ཕྲག་༡ གི་རིང་ འཇིག་རྟེན་གསུམ་ལུ་འབབ་ཨིན་པས།

དེ་ལས་ འཇིག་རྟེན་ནང་ཡོད་པའི་ ཆུ་ག་ར་ ལྷའི་བདུད་རྩིའི་ རང་བཞིན་ལུ་ གྱུར་དོ་ཡོདཔ་ལས་ དེའི་སྐབས་ ང་བཅས་སེམས་ཅན་ཚུ་གིས་ ཁྲུས་འབད་བ་ཅིན་ ལས་དང་ གློ་བུར་གྱི་ རྐྱེན་ཚུ་དང་ ནད་ཡམས་མུ་གེའི་འཇིགས་པ་ ལས་ངན་སྒྲིབ་པ་ཚུ་ཡང་ དག་ཚུགས་པའི་ ནུས་པ་ཡོདཔ་ཨིན་པས།

དེ་གིས་མ་དོ་བར་ སྨན་བསྟེན་ནི་དང་དཔྱད་ནི་ སྨན་འདུ་ལེན་འབད་ནི་དང་ སྨན་སྦྱོར་ནི་ལ་སོགས་པ་ཚུ་ལུ་ བརྩོན་དགོ་ཟེར་ གསུངས་ཡོདཔ་ལས་ རྒྱལ་ཁབ་དེ་ ནང་པ་སངས་རྒྱས་པའི་ ཆོས་ཀྱི་འདུལ་ཞིང་ ངོ་མ་ཅིག་འབདཝ་ལས་ ཁྲུས་བབས་ཀྱི་ཉིནམ་ལུ་ གཞུང་འབྲེལ་ངལ་གསོ་བཞག་མི་དེ་ཡང་ གཙོ་བོ་དུས་བཟང་ཁྱད་པར་ཅན་ཅིག་ འབད་ནི་དེ་གིས་ཨིན་པས།

དེའི་སྐབས་ སྤྱིར་བཏང་ཕྱག་མཆོད་སྦྱིན་གཏོང་ལ་སོགས་པ་ཚུ་ལུ་ བརྩོན་ནི་དང་ ལྷག་པར་དུ་ མི་མང་ག་ར་ གཙོ་བོ་ཁྲུས་གནང་ནི་ ཕམ་སྤུན་ཆ་ཚུ་ གཅིག་ཁར་འཛོམས་ཏེ་ རྩེདམོ་རྩེད་ནི་དང་ སྔོ་ལྗང་ལྡན་པའི་ སྤང་ཐང་དང་ གླིང་གའི་ཚལ་ཚུ་ནང་ སྤྲོ་གསེང་འགྱོ་ནི་ ཤ་ཆང་མ་ཡིན་པའི་ དཀར་ཟས་ཀྱི་རིགས་ཚུ་ བཟའ་ཞིནམ་ལས་ དགའ་སྤྲོ་འགྱུར་ཏེ་ ལུས་སེམས་ལུ་ ངལ་གསོ་དང་ བདེ་བ་འཐོབ་ནིའི་དོན་ལུ་ ཨིན་ཟེར་ཞུ་ནི་ཨིན།

སྐལ་བཟང་དབང་ཕྱུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *