བུམ་ཐང་ཆུ་སྨད་ ཨུ་རུག་ལུ་ ཆུ་རྫིང་བཟོ་ཡོད་སར་ འཁྱམས་སྡོད་མི་ ཁྲུང་ཁྲུང་སྐེ་ནག་ཚུ།

ཁྲུང་ཁྲུང་སྐེ་ནག་ཚུ་ ཉེན་སྲུང་འབད་ནི་ལུ་ ཆུ་རྫིང་གིས་ ཕན་ཐོགས་བྱུང་དོ་ཡོདཔ།

༉ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ ཁྲུང་ཁྲུང་སྐེ་ནག་འཁྱམས་ནིའི་དོན་ལུ་ ལེགས་ཤོམ་ཡོདཔ་ལས་ གནམ་དགུན་ཨ་རྟག་ར་ བོད་ལས་ཁྲུང་ཁྲུང་སྡེ་ཚན་སྦེ་འོང་སྟེ་ འཁྱམས་སྡོད་དོ་ཡོདཔ་ཨིན་རུང་ སྤྱང་ཁྱི་དང་ འ་དོམ་ དེ་ལས་ གཟིག་ཚུ་གིས་ གནོདཔ་བཀལ་བའི་ དཀའ་ངལ་བྱུངམ་ཨིན་པས།
དེ་ཡང་ ན་ཧིང་ བུམ་ཐང་ཆུ་སྨད་ལུ་ ཁྲུང་ཁྲུང་སྐེ་ནག་༡ སྤྱང་ཁྱི་ཚུ་གིས་ བསད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༤ ལུ་ཡང་ འ་དོམ་གྱིས་ བྱ་༢ བསད་ཡོདཔ་ད་ དེ་བཟུམ་གྱི་དཀའ་ངལ་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ ན་ཧིང་ སྤྱི་ཟླ་༩ པའི་ནང་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ གཏིང་ཚད་ཕིཊ་ཕྱེད་དང་༢ དང་ མི་ཊར་གྲུ་བཞི་༢༠ འབད་མི་ ཆུ་རྫིང་དེ་ནང་ ཁྲུང་ཁྲུང་སྐེ་ནག་༢ དང་ བྱི་ཅུང་༢ འཁྱམས་སྡོད་དོ་ཡོདཔ་ད་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཁྲུང་ཁྲུང་སྐེ་ནག་ཉམས་སྲུང་འགོ་དཔོན་གོངམ་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ ཆུ་རྫིང་ལུ་བརྟེན་ བྱ་ཚུ་ཉེན་སྲུང་འབད་ནི་ལུ་ ཕན་ཐོགས་བྱུངམ་མས་ཟེར་ཨིན་པས།
དེ་ཡང་ གནམ་ནུབ་མོར་ བྱ་ཚུ་ ཆུ་རྫིང་ནང་ ཉལ་སྡོད་པའི་སྐབས་ འ་དོམ་དང་ སྤྱང་ཁྱི་ དེ་ལས་ གཟིག་ཚུ་འོངམ་ད་ ཆུ་སྤར་ནི་དང་ ཆུ་སྐད་རྐྱབ་པའི་སྐབས་ བྱ་ཚུ་གིས་ དགྲ་འོངམ་ཤེས་ཏེ་ འཕུར་འགྱོ་དོ་ཡོདཔ་ལས་ ཆུ་རྫིང་དེ་ཁག་ཆེ་ཟེར་ འཇིགས་མེད་ཚེ་རིང་གིས་ བཤད་ཅི།
ཆུ་རྫིང་དེ་ ཁྲུང་ཁྲུང་འཁྱམས་སའི་ ས་ཆ་ཨེ་ཀར་༣༠ དང་༤༠ དེ་ཅིག་ནང་ བཟོ་ཡོདཔ་ད་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་རྫིང་དེ་ཁར་ རོང་ཆུ་ཆུང་ཀུ་ཅིག་ཡོད་མི་དེ་ བསྒོར་ཐོག་ལས་བཟོ་ཡི་ཟེར་ཨིནམ་ད་ དེ་བསྒང་ ས་གནས་ཀྱི་མི་དང་ ཆུ་སྨད་ནགས་ཚལ་ཡིག་ཚང་གི་ ལས་བྱེདཔ་ཚུ་གིས་ རྒྱབ་སྐྱོར་འབད་ནུག།
འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ ཆུ་རྫིང་གིས་ ཁྲུང་ཁྲུང་སྐེ་ནག་ཚུ་ ཉེན་སྲུང་འབད་ཚུགས་པའི་ཉམས་མྱོང་ དབང་འདུས་ ཕོབ་སྦྱིས་ཁ་ལས་ ཐོབ་ནི་དེ་གིས་ བུམ་ཐང་ལུ་ཡང་ བཟོ་ཡི་ཟེར་ཨིནམ་ད་ ད་རེས་ ཕོབ་སྦྱིས་ཁའི་ལུང་གཤོང་ནང་ དེ་བཟུམ་གྱི་ཆུ་རྫིང་༣ ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ལུང་གཤོང་དེ་ནང་ཡང་ སྤྱང་ཁྱི་དང་ འ་དོམ་ དེ་ལས་ གཟིག་ཚུ་གིས་ བྱ་ཚུ་ལུ་ གནོད་སྐྱོན་རྐྱབ་པའི་དཀའ་ངལ་ཡོད་མི་དེ་ ལས་སྡེ་གིས་ ཆུ་རྫིང་བཟོ་བའི་ཤུལ་ལས་ གདོང་ལེན་འབད་ཚུགས་ཡོདཔ་ད་ སེམས་ཅན་ཚུ་གིས་ ནུབ་མོར་ བྱ་ལུ་ གནོད་སྐྱོན་རྐྱབ་ནིའི་ དཔའ་བཅམ་མི་དེ་ ཉིན་མར་ བྱ་གིས་ དགྲ་འོང་སར་མཐོང་པའི་སྐབས་ འཕུར་འགྱོ་ནི་དེ་གིས་ བདའ་མི་ཟུན་དོ་ཡོདཔ་ཨིན་པས།
རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཐོ་དང་འཁྲིལ་བ་ཅིན་ ད་ཚུན་ ཁྲུང་ཁྲུང་སྐེ་ནག་༤༩༩ ལྷོད་ས་ལས་ མཐོ་ཤོས་ ཕོབ་སྦྱིས་ཁ་ལུ་༣༨༣ དང་ དེའི་འོག་ལས་ར་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་ལུ་༩༠ སྟང་སྦིས་ལུ་༩ མཁོ་ཐང་ཁ་ལུ་༧ ཆུ་སྨད་དང་ཨུ་ར་ལུ་༤ དེ་ལས་ སྟང་དང་དུང་དཀར་ལུ་༣ རེ་ ལྷོད་ཡོདཔ་ཨིན་པས།
ཁྲུང་ཁྲུང་སྐེ་ནག་ཚུ་གིས་ རྒྱལ་ཁབ་ནང་ཟླཝ་༦ དེ་ཅིག་ འཁྱམས་སྡོད་དོ་ཡོདཔ་བཞིན་དུ་ བྱ་དེ་ སྤྱི་ཟླ་༡༠ པ་ དེ་ཅིག་ཁར་ལས་ འོང་ནི་འགོ་བཙུགས་མི་དེ་གིས་ སྤྱི་ཟླ་༣ པ་ཚུན་ སྡོད་དོ་ཡོདཔ་ད་ རྒྱལ་ཁབ་ཀྱི་ས་གནས་དེ་ ཁོང་གི་དོན་ལུ་ གནམ་དགུན་འཁྱམས་སྡོད་སའི་ས་ཁོངས་ ངོ་མ་ཅིག་ཨིན་པས།
གནམ་བྱཱར་ལུ་འབད་བ་ཅིན་ ཁྲུང་ཁྲུང་སྐེ་ནག་ཚུ་ བོད་ཀྱི་ས་གནས་ ཡམ་མཚོ་དང་ཡུམ་མཚོ་ལུ་ འཁྱམས་སྡོད་དོ་ཡོདཔ་ད་ དེ་བསྒང་ བྱི་ཅུང་ཐོན་ནི་དེ་གིས་ དགུན་ལུ་ རྒྱལ་ཁབ་ནང་ལྷོད་པའི་སྐབས་ བྱི་ཅུང་ཁྱིད་དེ་ ལྷོད་དོ་ཡོད་མི་དེ་ ལོག་བོད་ལུ་འགྱོ་བའི་སྐབས་ སྦོམ་འགྱོ་དོ་ཡོདཔ་ཨིན་པས།
བྱ་ཁྲུང་ཁྲུང་ཚུ་གིས་ བོད་ཡམ་མཚོ་དང་ ཡུམ་མཚོ་ལས་ འཕུར་འོང་པའི་སྐབས་ ཉིནམ་༡ ལུ་ རྒྱལ་ཁབ་ནང་ ལྷོད་དོ་ཡོདཔ་ད་ དེ་བསྒང་ ཁོང་གིས་ ཀི་ལོ་མི་ཊར་༡༠༥ ལྷགཔ་ཅིག་ འཕུར་འགྲུལ་འབད་དོ་ཡོདཔ་ཨིན་པས།
ཁྲུང་ཁྲུང་སྐེ་ནག་དེ་ རྒྱལ་ཁབ་ཀྱི་དོན་ལུ་ འོང་འབབ་ལུ་ ཕན་ཐོགས་བྱུང་མི་ཨིནམ་ད་ དེ་ཡང་ འཛམ་གླིང་ནང་ དཀོན་དྲགས་ཅིག་འབདཝ་ལས་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་སྟོང་ལས་བཅད་དེ་ རྒྱལ་ཁབ་ནང་ ཁྲུང་ཁྲུང་སྐེ་ནང་བལྟ་བར་ འོང་དོ་ཡོདཔ་ཨིན་པས།
ད་རེས་ འཛམ་གླིང་ནང་ ཁྲུང་ཁྲུང་སྐེ་ནག་༡༡,༠༠༠ དེ་ཅིག་ལས་བརྒལ་མེདཔ་ལས་ བྱ་ཉམས་སྲུང་འབད་ནིའི་དོན་ལུ་ རྒྱལ་སྤྱིའི་ལས་སྡེ་ཚུ་གིས་ཡང་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ བྱ་ཉེན་སྲུང་གི་ དཀའ་ངལ་ངོ་མ་དེ་ར་ བྱ་འཁྱམས་སའི་ས་ཁོངས་ཚུ་ནང་ མི་ཚུ་གིས་ གཞི་རྟེན་ཁང་ཚུ་ བཟོ་སྐྲུན་འབད་མི་དེ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *