ཁྲིམས་སྲུང་འགག་སྡེ་གིས་ དབང་བཙོང་འདོད་སྤྱོད་ཀྱི་ ཉེས་བཤེར་འབད་ནི།

༉ སྤྱི་ཟླ་༧ པའི་ཚེས་༧ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྱབ་དབང་གི་ དབང་ཚད་བྱིན་མི་དང་འཁྲིལ་ བསམ་གྲུབ་ལྗོངས་མཁར་ཝང་ཕུག་རྒེད་འོག་ནང་ ལོ་ན་མ་སྨིན་པའི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཉེས་བཤེར་དེ་ ཁྲིམས་ཀྱི་འདུན་སར་ ཁྲིམས་སྲུང་འགག་པ་གིས་ འབད་ནི་ཨིན་པས།

དེ་ཡང་ དབང་བཙོང་འདོད་སྤྱོད་འབད་བའི་སྐོར་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ རྒེད་འོག་འགོ་དཔོན་ཚུ་གིས་ སྙན་ཞུ་འབད་མི་དང་བསྟུན་ བསམ་གྲུབ་ལྗོངས་མཁར་ ཁྲིམས་སྲུང་འགག་པ་གིས་ རྩོད་དོན་དེ་ ཐོ་བཀོད་འབད་ཡོདཔ་མ་ཚད་ སྐྱེས་ལོ་༣༥ ལང་མི་ དོགས་ཅན་ཕོ་སྐྱེས་དེ་ཡང་ དེ་ཚེ་ར་ འཛིན་བཟུང་འབད་ནུག།

སྐྱེས་ལོ་༡༢ ལང་མི་ ཉམས་རྒུདཔ་བུམོ་གིས་ སྤྱི་ཟླ་༥ པའི་ཚེས་༢༥ འི་ནུབ་མོར་ ཨ་ལོ་སྐྱེས་ཡོད་རུང་ ཨ་ལོ་དེ་ གནས་སྟངས་ལེགས་ཤོམ་མེད་པ་ལས་ ཉམས་རྒུད་པའི་ཕམ་༢ ཀྱིས་ ཝང་ཕུག་གཞི་རྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ གནད་དོན་དེ་ གསོ་བའི་ལས་རོགསཔ་གིས་ རྒེད་འོག་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

ཉམས་རྒུདཔ་བུམོ་དེ་ སློབ་རིམ་༦ པའི་ སློབ་ཕྲུག་ཅིག་ཨིན་པས།

དོགས་པ་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་མི་དང་འཁྲིལཝ་ད་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་དང་པའི་སྐབས་ ཉམས་རྒུདཔ་དེ་ དོགས་ཅན་གྱི་ ཨའི་དང་གཅིག་ཁར་ ཁོ་གི་ཁྱིམ་ནང་ འོང་ཡོདཔ་བཞིན་དུ་ དེ་ཚེ་ནུབ་མོར་ ཉམས་རྒུདཔ་དེ་ རྒྱང་མཐོང་ཊི་བི་བལྟ་སྡོད་དེ་ ལོག་ཁྱིམ་ནང་ འགྱོ་མ་བཏུབ་པ་ལས་ དོགས་ཅན་དེ་ ཁང་མིག་སོ་སོར་ཅིག་ནང་ ཉལ་བར་སོང་ཡི་ཟེར་ཨིན་པས།

ངག་བརྗོད་ནང་ དེ་ཚེ་ ཉམས་རྒུདཔ་གིས་ དོགས་པ་ཅན་དང་གཅིག་ཁར་ ཉལ་གེ་ཟེར་སླབ་སྟེ་ ཉན་མ་བཏུབ་ལས་ གཅིག་ཁར་ཉལ་ཏེ་ འདོད་སྤྱོད་འབད་ཡོདཔ་བཞིན་དུ་ ད་རུང་ ཤུལ་ལས་ཡང་ ལུས་འབྲེལ་འབད་ཞིནམ་ལས་ ཉམས་རྒུདཔ་དེ་ ཁོ་གི་ཁྱིམ་ནང་ མ་འོང་ཟེར་བཀོད་ནུག།

ཁོ་གིས་ ཉམས་རྒུདཔ་དང་གཅིག་ཁར་ མོས་མཐུན་ཐོག་མ་གཏོགས་ དབང་བཙོང་འདོད་སྤྱོད་མ་འབད་ཟེར་བཀོད་ནུག། 

ཉམས་རྒུདཔ་གིས་ ངག་བརྗོད་དང་འཁྲིལཝ་ད་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་༢ པའི་སྐབས་ དོགས་ཅན་གྱི་ ཨའི་གིས་ ཁྱིམ་ནང་ག་ཡང་མེདཔ་ལས་ སྤྱ་ཚུ་གིས་ ཚལ་ལུ་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ ཚལ་ལུ་སྲུང་བར་གཏང་ཟེར་ མོ་གི་ཨའི་ལུ་ འགྲུལ་འཕྲིན་ལྷོད་ནི་དེ་གིས་ ཚལ་ལུ་སྲུང་བར་ སོང་ཡི་ཟེར་ཨིན་པས།

ངག་བརྗོད་ནང་ ཉམས་རྒུདཔ་དེ་ དོགས་ཅན་གྱི་ ཁྱིམ་ནང་ལྷོདཔ་ད་ དོགས་ཅན་དེ་ ཁྱིམ་མཐའ་འཁོར་ལུ་ ཕྱགསམ་འཕྱག་སྡོད་སར་ མཐོང་ཡོདཔ་བཞིན་དུ་ ཁོ་གིས་ ཉམས་རྒུགཔ་ལུ་ འགྲུལ་འཕྲིན་བྱིན་མི་ལུ་བརྟེན་ མོ་ར་ དོགས་ཅན་གྱི་ ཁྱིམ་ནང་ན་ སོང་ཞིནམ་ལས་ འགྲུལ་འཕྲིན་རྩེ་སྡོད་པའི་བར་ན་ གཉིད་ཐལ་སོ་ནུག་ཟེར་ཨིན་པས།

ཉམས་རྒུདཔ་དེ་ གཉིད་ལོག་སྡོད་པའི་སྐབས་ དོགས་པ་ཅན་གྱིས་ འདོད་སྤྱོད་འབད་ཡོདཔ་མ་ཚད་ གནད་དོན་དེ་གི་སྐོར་ ཕམ་༢ ལུ་ མ་སླབ་ཟེར་ སླབ་དེས་ཟེར་ ཉམས་རྒུད་པའི་ ངག་བརྗོད་ནང་བཀོད་ནུག།

ངག་བརྗོད་དང་འཁྲིལཝ་ད་ ད་རུང་ དོགས་ཅན་གྱི་ ཨའི་གིས་ མོ་ར་ས་ཝང་ལུ་ འགྱོ་དོ་ཡོདཔ་ལས་ ལོ་ཐོག་ཚུ་ སྲུང་བར་སོང་ཟེར་ འགྲུལ་འཕྲིན་ལྷོད་ནི་དེ་གིས་ ཉིན་མའི་ལྟོ་བཟའ་ཞིནམ་ལས་ སོང་ཡོདཔ་བཞིན་དུ་ དོགས་ཅན་དེ་ རྒྱང་མཐོང་བལྟ་སྡོད་ནུག་ཟེར་ཨིན་པས།

ཁོ་གིས་ མོ་ལུ་ རྒྱང་མཐོང་བལྟ་བར་ཤོག་ཟེར་སླབ་ལས་ མོ་ཡང་ རྒྱང་མཐོང་བལྟ་སྡོད་པའི་བར་ན་ དོགས་ཅན་དེ་གིས་ མོ་ལུ་ དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ མོ་གིས་ སྐད་རྐྱབ་པའི་སྐབས་ ཁ་བསུབས་བཞག་ཐོག་ དབང་བཙོང་འབད་ཡི་ཟེར་ཨིན་པས།

མོ་ར་འདྲོག་བྱེལ་འཐབ་ནི་དེ་གིས་ གནད་དོན་དེ་གི་སྐོར་ ཕམ་༢ ལུ་ སླབ་མ་ཚུགས་ཟེར་ཨིནམ་ད་ སྤྱི་ཟླ་༥ པའི་ཚེས་༢༥ འི་ནུབ་མོ་ ཆུ་ཚོད་༡༡ དེ་ཅིག་ཁར་ ཨ་ལོ་སྐྱེ་ནིའི་ ན་ཟུག་རྐྱབ་ད་རྐྱངམ་གཅིག་ མོ་གི་གཟུགས་ཁར་ ཨ་ལོ་ཆགས་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ དོགས་ཅན་དེ་ མོ་གི་ ཨ་ལོའི་ཨ་པ་ཨིན་ཟེར་ ངག་བརྗོད་ནང་བཀོད་ནུག།

ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ལུ་ ལོ་ན་མ་སྨིན་པའི་བུམོ་ལུ་ འདོད་སྤྱོད་འབད་ཡོད་པའི་ ཉེས་འཛུགས་དང་ ཁོ་ར་ ཉམས་རྒུད་པའི་ ཨ་ཞང་ཨིནམ་ལས་ སྤུན་ཉེ་ལུ་ འཁྲིག་སྤྱོད་ཀྱི་ བྱ་བ་ངན་པ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *