ཁྲིམས་སྲུང་འགག་སྡེ་གིས་ སློབ་ཕྲུག་ན་ཆུང་༢༥ ལུ་ ཨ་ལོ་ཆགས་ཡོད་པའི་ཐོ་བཀོད།

༉ སྤྱི་ལོ་༢༠༢༠ ལུ་ གསོ་བའི་འགོ་དཔོན་ཚུ་གིས་ ལོ་ན་མ་སྨིནམ་ལས་ར་ ཨ་ལོ་ཆགས་མི་ གནད་དོན་༣༣༠ ཐོ་བཀོད་འབད་མི་ལས་༡༨ རྐྱངམ་གཅིག་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ནུག།

དེ་ཡང་ བུམོ་ན་ཆུང་༡༨ ལས་༡༢ སློབ་ཕྲུག་ཨིནམ་བཞིན་དུ་ སློབ་ཕྲུག་༥ འགྲུལ་སྐྱོད་བཀག་དམ་སྐབས་ ཨ་ལོ་ཆགས་ནུག་ཟེར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༢༠ ལུ་ དབང་བཙོང་འདོད་སྤྱོད་དང་ གནོད་འཚེ་ འདོད་སྤྱོད་དང་འབྲེལ་བའི་བརྙས་བཅོས་ དེ་ལས་ འདོད་སྤྱོད་འབད་ནིའི་ དཔའ་བཅམ་མི་ལ་སོགས་པའི་ རྩོད་དོན་བསྡོམས་༩༧ ཡོད་མི་ལས་༡༨ ལོ་ན་མ་སྨིནམ་ལས་ར་ ཨ་ལོ་ཆགས་མི་ཚུ་ཨིན་པས།

ན་ཧིང་ སོ་ནམ་པ་དང་ སྒྲ་དབྱངས་ནང་ ལཱ་འབད་མི་ སྐྱེས་ལོ་༡༨ མན་ཆད་ཀྱི་ བུམོ་ཚུ་ཡང་ ཨ་ལོ་ཆགས་ཏེ་ཡོདཔ་ཨིན་པས།

དུས་ཅི་ ཟླ་༥ པའི་ཚེས་༣༡ གི་ ནང་འཁོད་ལུ་ ན་ཆུང་༡༢ ཨ་ལོ་ཆགས་མི་ཚུ་ཡང་ མང་ཤོས་ར་ སློབ་རིམ་༥ པ་ལས་༡༠ པའི་ སློབ་ཕྲུག་ཚུ་ཨིན་པས།

ནཧིང་ སློབ་ཕྲུག་ལ་ལོ་ཅིག་ འགྲུལ་སྐྱོད་བཀག་དམ་དང་ སློབ་གྲྭ་ཚུ་ སྒོ་བསྡམས་བཞག་པའི་སྐབས་ ཨ་ལོ་ཆགས་ཡོདཔ་ད་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་ཚུ་ དབྱེ་དཔྱད་འབད་བའི་སྐབས་ ན་ཆུང་ཚུ་གིས་ བཀྲ་མ་ཤིསཔ་འབད་མི་ མང་ཤོས་ར་ ངོ་ཤེས་མས་ཟེར་ཨིན་པས།

དེ་ཡང་ ལ་ལོ་ཁྱིམ་ཚང་དང་ ཕོ་རྒནམ་ ཨ་ཞང་ཚུ་ ཨིནམ་བཞིན་དུ་ ཉམས་རྒུདཔ་ལེ་ཤ་ཅིག་ར་ རོགས་ལུ་བརྟེན་ སྡོད་མི་དང་ འོང་འབབ་ཆུང་བའི་ ན་ཆུང་ཚུ་འདུག་ཟེར་ ཁྲིམས་སྲུང་འགོ་དཔོན་གྱིས་ བཤད་པའི་ཁར་ གནད་དོན་ལ་ལོ་ཅིག་ནང་ ཉེན་ཁ་ཡོད་མི་ཚུ་ཡང་ བརྟེན་སྡོད་མི་ཨིན་མས་ཟེར་ བཤདཔ་ཨིན་པས།

འགོ་དཔོན་གྱིས་ སླབ་མིའི་ནང་ ན་ཆུང་སྐབས་ལས་ར་ ཨ་ལོ་ཆགས་མི་ཚུ་ སྨན་ཁང་ ཡང་ཅིན་ སློབ་གྲྭ་ཚུ་གིས་ སྙན་ཞུ་འབདཝ་ད་རྐྱངམ་གཅིག་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབདཝ་མས་ཟེར་ཨིནམ་ད་ གནད་དོན་ལ་ལོ་ཅིག་ནང་ ན་ཆུང་ལས་ར་ ཨ་ལོ་ཆགས་ཏེ་ཡོད་རུང་ སྙན་ཞུ་མི་འབད་བས་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་སྐབས་ སྐྱེས་འགོག་གི་ སྨན་མེད་མི་ལུ་བརྟེན་ ཨ་ལོ་ཆགས་དོ་ཡོདཔ་ལས་ སྐྱེས་འགོག་ཡོ་ཆས་སྨན་གྱི་སྐོར་ལས་ གོ་བརྡ་སྤྲོད་ནིའི་ དུས་ཚོད་རན་ནུག་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་རུང་ ན་ཆུང་ཨ་ལོ་ཆགས་མི་ མང་ཤོས་ར་ ཕ་མའི་སྐྱོང་བཞག་མེདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

འགོ་དཔོན་གྱིས་འབད་བ་ཅིན་ ན་གཞོན་ཚུ་ལུ་ ཁྲིམས་དང་དབང་བཙོང་འདོད་སྤྱོད་ དེ་ལས་ མོས་མཐུན་ཐོག་ལས་ འདོད་སྤྱོད་ལ་སོགས་པའི་སྐོར་ལས་ གོ་བརྡ་སྤྲོད་ནི་དེ་ གལ་ཆེ་བས་ཟེར་ཨིན་པས།

སྒྲ་དབྱངས་ནང་ ལཱ་འབད་མི་ ན་ཆུང་ཚུ་ ཨ་ལོ་ཆགས་ཡོད་མི་ཡང་ཡོདཔ་ད་ བཅའ་ཁྲིམས་དང་འཁྲིལཝ་ད་ ལོ་ཚད་མ་ལང་མི་ཚུ་ སྒྲ་དབྱངས་ནང་ འཛུལ་ཞུགས་འབད་མ་ཆོགཔ་ཨིན་རུང་ ངོས་ལེན་འབད་མི་བཏུབ་པས་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

ད་རུང་ དབང་བཙོང་འདོད་སྤྱོད་འབད་བའི་ རྩོད་དོན་ལ་ལོ་ཅིག་ནང་ ཨ་པ་ག་ཨིན་ན་ ཤེས་རྟོག་འབྱུང་ནིའི་དོན་ལུ་ ཌི་ཨེན་ཨེ་ཟེར་ ཚན་རིག་ཐོག་ལས་ བརྟག་དཔྱད་འབད་དགོཔ་ལས་ རྒྱལ་ཁབ་ནང་ ཌི་ཨེན་ཨེ་བརྟག་དཔྱད་ཁང་ཅིག་ གཞི་བཙུགས་འབད་ནིའི་ དུས་ཚོད་རན་ནུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

སློབ་ཕྲུག་ཚུ་གིས་ ཤེས་ཡོན་འཕྲོ་མཐུད་ བལྟ་ནིའི་དོན་ལུ་ ཁྲིམས་སྲུང་འགག་སྡེའི་ ཨ་ལོ་དང་ཨམ་སྲུ་ཉེན་སྐྱོབ་སྡེ་ཕྲན་གྱིས་ གནད་དོན་ཚུ་ ཐོ་བཀོད་འབད་དོ་ཡོད་མི་དེ་ཡང་ བུམོ་ཚུ་ སློབ་གྲྭ་ནང་ ལོག་འགྱོ་ནིའི་ ལྷན་ཐབས་བཟོ་དོན་ལུ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *