ཁྲིམས་སྲུང་འགག་སྡེ་གིས་ གསེར་ལྐོག་ཚོང་གི་ ཉེས་འཛུགས་ཅན་༤ ལོག་བཟུང་ཡོདཔ།

༉ ཆེ་མཐོ་ཁྲིམས་འདུན་གྱིས་ གསེར་ཀེ་ཇི་༦ ནག་ཚོང་འཐབ་མི་ ཉེས་འཛུགས་ཅན་༤ གློད་གྲོལ་བཏང་སྟེ་ ཟླཝ་༧ དེ་ཅིག་གི་རྒྱབ་ལས་ འབྲུག་གི་ཁྲིམས་སྲུང་འགག་སྡེ་གིས་ ལོག་འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་ཡང་ ལོ་རྒྱུས་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པ་གིས་ ད་ལྟོ་ གསེར་ལྐོག་ཚོང་དང་འབྲེལ་བའི་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་ ནམ་དུས་ལུ་ སྤ་རོ་བཙན་ཏོག་རྒེད་འོག་ལས་ རྩོད་ཟླ་རིན་ཆེན་ཚེ་རིང་དང་ རྡོ་རྗེ་ མགོནམ་རྡོ་རྗེ་ དེ་ལས་ རྟ་མགྲིན་ཚེ་རིང་༤ གིས་ བོད་ཀྱི་ས་མཚམས་ལས་ གསེར་ཀེ་ཇི་རེ་འབད་མི་ པག་ཅུང་༦ མེན་པར་ གསེར་ཀེ་ཇི་༥༢ འབག་འོང་སྟེ་ ལྐོག་ཚོང་འཐབ་པའི་ སྒྲུབ་བྱེད་ཐོབ་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་ལས་ ལོག་འཛིན་བཟུང་གི་ བཀའ་རྒྱ་ཞུ་ཐོག་ལས་ འདས་པའི་བདུན་ཕྲག་ནང་ རྩོད་ཟླ་༤ ཆ་ར་ བཟུང་ཡོདཔ་ཨིན་པས།
སྤ་རོའི་ཁྲིམས་སྲུང་འགག་སྡེ་གིས་ གསེར་ཀེ་ཇི་༦ བཙན་བཟུང་འབད་མི་དང་འཁྲིལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྐོག་ཚོང་གི་ ཉེས་འཛུགས་འབད་མི་ལུ་ གཞི་བཞག་སྟེ་ རྫོང་ཁག་ཁྲིམས་འདུན་གྱིས་ རིན་ཆེན་རྡོ་རྗེ་དང་ རྡོ་རྗེ་ མགོནམ་རྡོ་རྗེ་ རྟ་མགྲིན་ཚེ་རིང་༤ ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ལྟར་ དབྱེ་རིམ་གསུམ་པའི་ཉེས་ཁྲིམས་ལོ་༥ རེ་ བཀལ་ཡོདཔ་ཨིན་པས།
དེ་ལས་ ཉེས་ཅན་ཚུ་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ དུས་ཅི་སྤྱི་ཟླ་༡ པའི་སྔ་ཆ་ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་བའི་ཤུལ་ལས་ གནས་སྐབས་ཅིག་ བཙོན་ཁང་ནང་ སྡོད་མ་དགོ་པར་ བར་ན་རྒྱབ་མི་བཙུགས་ཏེ་ གློད་གྲོལ་བཏང་ཡོདཔ་ད་ རྩོད་གཞི་དེ་ ད་ལྟོ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ སྙན་གསན་མཛད་པའི་བསྒང་ཨིན་པས།
གསེར་ལྐང་ཚོང་གི་རྒྱབ་ཁུངས།
ཐོག་མའི་འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་རིན་ཆེན་ཚེ་རིང་གིས་ ཁོ་རའི་དབྱར་རྩྭ་དགུན་འབུབ་ཚུ་ བྱང་ཕྱོགས་ཀྱི་ས་མཚམས་ བོད་པ་རི་ལུ་ བོདཔ་ཟླ་བ་དང་མཉམ་ ཚོང་སྒྱུར་འཐབ་ནིའི་དོན་ལུ་ སྤྱི་ལོ་༢༠༡༧ ཟླ་༦ པའི་ཚོས་༡༢ ལུ་ རྩོད་ཟླ་རྡོ་རྗེ་དང་ མགོནམ་རྡོ་རྗེ་ རྟ་མགྲིན་ཚེ་རིང་༣ ལུ་ གླ་རྔན་དངུལ་ཀྲམ་༤༠,༠༠༠ རེ་སྤྲོད་དེ་ ཕ་རི་ལུ་ བཏང་ཡོད་པའི་ མངོན་རྟགས་གྲུབ་ཅི་ཟེར་ཨིན་པས།
རྩོད་ཟླ་གཞན་༣ འབྲུག་དང་བོད་ཀྱི་ས་མཚམས་ ཅིམ་ལ་ཟེར་སར་ བོདཔ་ཟླ་བ་དང་ཕྱད་དེ་ དབྱར་རྩྭ་དགུན་འབུབ་ཀྱི་ སྤུས་ཚད་ལེགས་ཤོམ་མེད་མི་ལུ་བརྟེན་ ཚོང་སྒྱུར་འཐབ་མ་ཚུགས་རུང་ རྩོད་ཟླ་རིན་ཆེན་ཚེ་རིང་ལུ་ སྤྲོད་ནིའི་དོན་ལུ་ ཟླ་བ་ལས་ ལྗིད་ཚད་ཀེ་ཇི་རེ་འབད་མི་ གསེར་པག་ཅུང་༦ ལེན་འབག་འོང་པའི་ ར་ཁུངས་དག་གསལ་ཐོན་ཡོད་པའི་ཁར་ རིན་ཆེན་རྡོ་རྗེ་ཁོ་ར་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་དང་ གསེར་བཙན་བཟུང་འབད་བའི་གནད་ལས་ གསེར་ཕྱིར་ཚོང་འཐབ་མ་ཚུགས་པར་ ལུས་འདུག་པ་མ་གཏོགས་ འཛིན་བཟུང་དང་ བཙན་བཟུང་འབད་མ་ཚུགས་པ་ཅིན་ ཕྱིར་ཚོང་འཐབ་ནི་ཨིནམ་ ངེས་བདེན་ཨིན་པའི་ མངོན་རྟགས་གྲུབ་ཅི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྐོག་ཚོང་གི་ ཉེས་འཛུགས་འབད་མིའི་ནང་ རྩོད་ཟླ་གཞན་གསུམ་གྱིས་ བོད་ལས་ རྒྱལ་ཁབ་ནང་ གསེར་ནང་འདྲེན་འབད་བའི་སྐབས་ སྤྱི་ཚེས་༡༥.༦.༢༠༡༧ ལུ་ རྩོད་ཟླ་རིན་ཆེན་ཚེ་རིང་གིས་ ཁོང་༣ ལེན་པར་ ཁོ་རའི་སྣུམ་འཁོར་བདའ་སྟེ་ བཙན་ཏོག་རྒེད་འོག་ ས་གནས་ཤར་ནག་ལུ་ སོང་ནུག་ཟེར་ བཀོད་ཡོདཔ་ད་ ཁོང་ཆ་ཁྱབ་ ས་གནས་དེ་ཁ་ལས་འོང་པའི་སྐབས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རིན་ཆེན་ཚེ་རིང་གིས་འབད་བ་ཅིན་ ཁོ་ལུ་ ལྐོག་ཚོང་གནོད་འགེལ་གྱི་ ཉེས་ཁྲིམས་སྨིན་དགོཔ་ མེད་མི་དེ་ཡང་ གསེར་དེ་ རྒྱལ་ཁབ་གཞན་ལས་ ནང་འདྲེན་འབད་ཡོདཔ་ ཡང་ཅིན་ རྒྱལ་ཁབ་ནང་ལས་ ཕྱི་ཁར་འབག་ཐོག་ལས་ ཚོང་འབྲེལ་འཐབ་འཐབ་ག་ནི་ཡང་མེདཔ་མ་ཚད་ གསེར་གྱི་དོན་ལུ་ མ་རྩ་གཞི་བཙུགས་འབད་འབདཝ་ཡང་མེད་ཟེར་ཨིན་པས།
མ་རྩ་བཙུགས་མི་དེ་ བོདཔ་ཟླ་བ་ཨིན་པའི་ཁར་ རྩོད་ཟླ་ཁོ་གིས་ བསྐྱལ་བཏང་མི་ དབྱར་རྩྭ་དགུན་འབུབ་དེ་ སྤུས་ཚད་ལེགས་ཤོམ་མེདཔ་ལས་ ཟླ་བ་གིས་ ལེན་མི་ཚུགས་ཟེར་ སླབ་པའི་མཐའ་མར་ གསེར་ཀེ་ཇི་༦ ཕུན་ཚོགས་གླིང་ལུ་ འབག་བསྐྱལ་གནང་ཟེར་ རྩོད་ཟླ་༣ གྱི་ལག་པར་ བསྐྱལ་བཏང་མི་དེ་ ལྐོག་ཚོང་གྲངས་སུ་ མི་ཚུད་ཟེར་ རྩོད་ཟླ་རིན་ཆེན་ཚེ་རིང་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་ནུག།
རྩོད་ཟླ་རྡོ་རྗེ་དང་ མགོནམ་རྡོ་རྗེ་ རྟ་མགྲིན་ཚེ་རིང་༣ གྱིས་ཡང་ བོདཔ་ཟླ་བ་གིས་ བསྐྱལ་བཏང་ཡོད་མི་ གསེར་ཀེ་ཇི་༦ ལེན་འབག་འོང་ཡོདཔ་མ་གཏོགས་ ལྐོང་ཚོང་འཐབ་ཡོདཔ་མེན་ཟེར་ ཞུ་ཡོདཔ་ཨིན་རུང་ འབྲུག་གི་ཚོང་ཁྲལ་དང་ ཅ་དམ་ ནང་ཁྲལ་བཅའ་ཡིག་དང་འཁྲིལཝ་ད་ གསེར་གྱི་རིགས་འབག་ཆོག་པའི་ ལྗིད་ཚད་ག་རམ་༥༠ དང་ དེ་ལས་འགལ་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ གལ་གནད་ཅན་གྱི་ གནང་བ་དགོཔ་ཨིན་རུང་ ཁྲིམས་མཐུན་ལྗིད་ཚད་ལས་ ཧ་ཅང་གིས་བརྒལ་ཏེ་ ནང་འདྲེན་འབད་བའི་ཁར་ འབྲེལ་ཡོད་དབང་འཛིན་ལས་ ནང་འདྲེན་འབད་ཆོག་པའི་ གནང་བ་ལེན་ལེནམ་ཡང་ མིན་འདུག་ཟེར་བཀོད་ནུག།
དེ་བཟུམ་མའི་ ལྐོག་ཚོང་དེ་ སྔོན་འགོག་དམ་དམ་མ་འབད་བ་ཅིན་ རྒྱ་འབྲུག་གཉིས་ཀྱི་ མཐུན་ལམ་དང་ འབྲུག་དང་ རྒྱ་ནག་གི་ མཐུན་ལམ་ཚུ་ལུ་ གནོད་པ་འབྱུང་ཉེན་ཡོད་པའི་ཁར་ མ་འོངས་པར་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཉེན་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
རྩོད་ཟླ་ཚུ་ལས་ བཙན་བཟུང་འབད་མི་ གསེར་ཀེ་ཇི་༦ དེ་ སྤྱི་ཚེས་༡༥/༦/༢༠༡༧ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དབྱར་རྪྭ་དགུན་འབུབ་ཁ་གྲངས་༤,༢༧༣ སོ་ནམ་ལྷན་ཁག་ ནགས་ཚལ་ལས་ཁུངས་ལུ་ སྤྱི་ཚེས་༢༦/༡༠/༢༠༡༨ ལུ་ རྩིས་སྤྲོད་མི་ཚུ་ཡང་ ཁྲིམས་འདུན་ལས་ གཞུང་བཞེས་མཛད་གྲུབ་པའི་ འཁྲུན་ཆོད་གནང་ནུག།
རྩོད་ཟླ་༢ ཀྱི་རྩོད་བཤེར་གཞན།
སྐྱེས་ལོ་༣༨ ལང་མི་ ཚོང་པ་རིན་ཆེན་ཚེ་རིང་དང་ སྐྱེས་ལོ་༣༥ ལང་མི་ སོ་ནམ་པ་ མགོནམ་རྡོ་རྗེ་༢ པོ་དེ་ ཉེས་འཛུགས་ཅན་གཞན་༤ དང་གཅིག་ཁར་ བྱང་ཕྱོགས་ས་མཚམས་ལས་ ནང་འདྲེན་འབད་མི་ གསེར་ཀེ་ཇི་༣༡ ལྐོག་ཚོང་འཐབ་པའི་ ཉེས་འཛུགས་དེ་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཙུགས་ཡོདཔ་ལས་ ད་ལྟོ་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
ཉེས་འཛུགས་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ རིན་ཆེན་ཚེ་རིང་གིས་ ཉེས་འཛུགས་ཅན་གཞན་༤ ལུ་ སྐྱེལ་འདྲེན་གྱི་གླ་ཆ་ དངུལ་ཀྲམ་༥༠,༠༠༠ རེ་ སྤྲོད་ནི་སྦེ་ ལས་མི་འཚོལ་ཏེ་ འབྲུག་དང་བོད་ཀྱི་ས་མཚམས་ ཀེ་རི་ལ་ཟེར་སར་ གསེར་ལྗིད་ཚད་ཀེ་ཇི་༣༡ ལེན་པར་ བཏང་ཡོདཔ་བཞིན་དུ་ བོདཔ་༢ ཀྱིས་ མགོནམ་རྡོ་རྗེ་དང་ ལྷགཔ་རྒྱལ་མཚན་ ཚེ་རིང་རྡོ་རྗེ་༣ ལུ་ ལྗིད་ཚད་ཀེ་ཇི་རེ་འབད་མི་ གསེར་པག་ཅུང་༨ རེ་དང་ མཁའ་འགྲོ་ལུ་ གསེར་པག་ཅུང་༧ བསྐྱལ་བཏང་ཡོདཔ་ཨིན་པས།
རིན་ཆེན་ཚེ་རིང་གིས་ གསེར་ཀེ་ཇི་༡༠ སྤ་རོ་ལས་ ཕུན་ཚོགས་གླིང་ལུ་འབག་སྟེ་ རྒྱ་གར་གྱི་ མི་ཅིག་ལུ་ སྤྲོད་ཡོདཔ་ད་ ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་སྡེ་ཚན་གྱིས་ ཉེས་འཛུགས་ཅན་ཚུ་ལས་ དངུལ་ཀྲམ་ས་ཡ་༩༠.༤༠༠ གནས་མི་ གསེར་ཀེ་ཇི་༣༡ ལས་ ཀེ་ཇི་༧ དང་ གསེར་རྫུས་མ་ཀེ་ཇི་༢ བཙན་ལེན་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་༦ ཁྲིམས་སར་བསྐྱལ་བའི་ཤུལ་ལས་ སྤ་རོ་ཁྲིམས་འདུན་གྱིས་ གློད་གྲོལ་བཏང་ཡོདཔ་ཨིན་པས།
རྩོད་ཟླ་མགོནམ་རྡོ་རྗེ་དེ་ གསེར་ཀེ་ཇི་༢༠ དང་ གསེར་ཀེ་ཇི་༥༢ འབད་མི་ རྩོད་དོན་གཉིས་ཡང་ འབྲེལ་གཏོགས་ཡོདཔ་ལས་ ཉེས་འཛུགས་འབད་དེ་ཡོདཔ་ད་ གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ཁྲིམས་འདུན་ལས་ གློད་གྲོལ་གྱི་ གོ་སྐབས་མ་གནང་པ་ཅིན་ ལྐོག་ཚོང་ཚུ་ནང་ ནན་བསྐྱར་དུ་ འབྲེལ་གཏོགས་འབད་མི་ཚུགས་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ཆེ་མཐོ་ཁྲིམས་འདུན་གྱིས་ གསེར་ལྐོག་ཚོང་གི་ གནད་དོན་སོ་སོའི་ནང་ གློད་གྲོལ་བཏང་མི་ ད་རུང་ རྩོད་ཟླ་༣ ལོག་འཛིན་བཟུང་འབད་ནི་གི་ བཀའ་རྒྱ་གནང་ཡོད་རུང་ ཁྲིམས་སྤྱི་བློན་པོའི་ བཀའ་རྒྱ་ཨིན་ཟེར་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བརྡ་དོན་བྱིན་མ་བཏུབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *