པདྨ་གླིང་ས་སྲུང་སྒོ་ར་ནང་ ཉེན་སྲུང་ལྟ་རྟོག་སྡེ་ཚན་གྱིས་ ས་མཚམས་བདའ་སྟེ་ ལྟ་རྟོག་འབདཝ་ཨིན་པས།

ཁྲིམས་སྲུང་འགག་པ་ལུ་ གནོདཔ་བཀལ་མི་ཚུ་ ཏམ་ཁུ་ནག་ཚོང་འཐབ་མི་ཨིནམ།

༉ སྤྱི་ཟླ་༣ པའི་ཚེས་༩ གི་དྲོ་པར་ ཁྲིམས་སྲུང་འགག་པ་༢ དང་ བྱེལཝ་ཟུག་མི་ ས་མཚམས་ཕྱི་ཁའི་ མི་བཀྲ་མ་ཤེསཔ་ཚུ་གིས་ ཏམ་ཁུ་ནག་ཚོང་ཐོག་ལས་ ནང་ན་འབག་འོང་ནི་གི་ དཔའ་བཅམ་ནུག་ཟེར་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ཁྲིམས་སྲུང་འགག་སྡེའི་ འཚོལ་ཞིབ་སྡེ་ཚན་གྱིས་ ཕུན་ཚོགས་གླིང་པདྨ་གླིང་ལུ་ སྨན་རིགས་མཛོད་ཁང་དང་ བགོ་བཀྲམ་སྡེ་ཚན་གྱི་ སྒྲིང་ཁྱིམ་ས་ཁོངས་ནང་འགྱོ་སའི་ ལམ་འོག་ལུ་ ཏམ་ཁུའི་ཐོན་སྐྱེད་ཡོད་མི་ ཕད་ཙེ་༨ སྦ་བཞག་སྟེ་ཡོདཔ་མཐོང་ནུག།

བཀྲ་མ་ཤིསཔ་ཚུ་དང་ ཁ་འཐབ་ཚིག་འཐབ་འབད་མི་ ཁྲིམས་སྲུང་འགག་སྡེའི་དཀྱུས་མ་ སུག་རཱཇ་སུ་བྷ་དེ་ སྨན་ཁང་ནང་ བཞག་པའི་ཤུལ་ལས་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ བཏང་ཡོད་རུང་ སྐྱེས་ལོ་༢༩ ལང་མི་དེ་ ས་མཚམས་ཕྱི་ཁའི་ མི་དང་འབྲེལ་བ་འཐབ་མི་ལུ་བརྟེན་ དྲུང་འཚོའི་བཀོད་རྒྱ་དང་འཁྲིལ་ཏེ་ ཉིན་གྲངས་༧ གྱི་དོན་ལས་ ཟུར་བཞག་མཐུན་རྐྱེན་ནང་ བཞག་ཡོདཔ་ཨིན་པས།

སུག་རཱཇ་སུ་བྷ་དང་ ཁོ་རའི་ཆ་རོགས་ ཁྲིམས་སྲུང་འགག་པ་ བསོད་ནམས་དབང་ཕྱུག་༢ པདྨ་གླིང་གི་ ས་ཁོངས་ནང་ གཏན་འཇགས་ཀྱི་ སྒྲིག་གཡོག་རྒྱུག་པའི་སྐབས་ བྱ་ངན་འབདམི་ཚུ་དང་ ཕྱད་ཡོདཔ་ད་ ཁོང་༢ ཡང་ པདྨ་གླིང་ས་སྲུང་སྒོ་ར་ནང་ ཕྱག་ཞུ་དོ་ཡོདཔ་ཨིན་པས།

འཐབ་འཛིང་བྱུང་པའི་སྐབས་ སུག་རཱཇ་སུ་བྷ་གི་ ལགཔ་གཡོན་པའི་འཛུབ་མོ་༣ གུ་ རྨ་སྐྱོན་བྱུང་ཡོད་མི་དེ་ཡང་ བཀྲ་མ་ཤིསཔ་ཚུ་གིས་ གྱི་ཅུང་ལག་ལེན་འཐབ་ཡོདཔ་ཨིན་པས།

བྱ་ངན་དེ་ཡང་ སྤྱི་ཟླ་༣ པ་དྲོ་པའི་ཆུ་ཚོད་ཚེས་༤ དང་༤.༣༠ དེ་ཅིག་ཁར་ བྱུང་ཡོདཔ་ད་ དེ་བསྒང་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ བདེ་སྲུངཔ་ཨམ་སྲུ་༢ སྡོད་ཡོད་རུང་ བྱུང་རྐྱེན་སྐབས་ ས་ཁོངས་དེ་ནང་མེད་པའི་ཁར་ བསོད་ནམས་དབང་ཕྱུག་ལུ་ཡང་ གནོད་སྐྱོན་ག་ནི་ཡང་ མ་བྱུངམ་ཨིན་པས།

ཁྲིམས་སྲུང་འགག་སྡེ་ལས་གོ་མི་ གནས་ཚུལ་དང་འཁྲིལཝ་ད་ མི་༦ དེ་ཅིག་གིས་ པདྨ་གླིང་ལས་ འབྲུག་ལུ་འོང་ནི་གི་ དཔའ་བཅམ་ནུག་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ མཐོང་པའི་ཤུལ་ལས་ ཁོང་འོང་སའི་ ས་ཁོངས་ནང་ ཐོན་འགྱོ་ནི་འབདཝ་ད་ དཀྱུས་མ་སུག་རཱཇ་སུ་བྷ་ཡང་ ས་ཁོངས་ནང་ ལྷོད་ནུག་ཟེར་ཨིན་པས།

པདྨ་གླིང་དེ་ ས་མཚམས་ཀྱི་ ས་ཁོངས་ནང་ ཡོངས་གྲགས་ལུ་ ཅའི་ནིསི་ལ་ཡེན་ཟེར་ སླབ་མི་ནང་ཡོདཔ་ལས་ གཞི་རྟེན་མཐུན་རྐྱེན་ལེགས་ཤོམ་མེད་པའི་ཁར་ གྱང་རྩིག་རྐྱབ་སྟེ་ཡོདཔ་ད་ ས་མཚམས་ཕྱི་ཁར་བབས་མི་ རོང་ཆུ་ཆུང་ཀུ་ཅིག་ཡོདཔ་བཞིན་དུ་ ལྕགས་སྐུད་ར་བ་གིས་ བསྒོར་ཏེ་ཡོདཔ་ཨིན་པས།

པདྨ་གླིང་གི་ ས་ཁོངས་ནང་ དེ་བཟུམ་མའི་ སྟབས་མ་བདེཝ་ བྱུང་མི་ལུ་ བལྟ་བ་ཅིན་ ཕུན་ཚོགས་གླིང་ས་མཚམས་ཀྱི་ གནས་སྟངས་ག་དེ་སྦེ་ཡོད་ག་དང་ ཀོ་བིཌ་-༡༩ སྐབས་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ཚུ་ སྒྲིག་གཡོག་རྒྱུགཔ་ད་ ག་དེམ་ཅིག་ གདོང་ལེན་བྱུང་ཡོདཔ་ཨིན་ནའི་ བརྡ་མཚོན་སྟོནམ་ཨིན་པས།

ཨ་མོ་ཆུ་ལས་ འགོ་བཙུགས་ཏེ་ དཔག་བསམ་ཁ་དང་ བསམ་འཕེལ་གླིང་རྒེད་འོག་ པ་ནའི་ས་ཁོངས་ནང་ དུས་ཡུན་ཆུ་ཚོད་༢༤ གི་རིང་ལུ་ བདེ་སྲུང་ཁས་བླངས་པ་༡༠༠ ལྷགཔ་ཅིག་གིས་ འཛུལ་སྒོ་༢༦ ནང་ སྒྲིག་གཡོག་རྒྱུག་དོ་ཡོདཔ་ཨིན་པས།

སུག་རཱཇ་སུ་བྷ་གིས་ སླབ་མིའི་ནང་ བྱ་ངན་བྱུང་པའི་སྐབས་ གཏན་འཇགས་ཀྱི་ སྒྲིག་གཡོག་རྒྱུག་ཡོདཔ་ལས་ གྲ་སྒྲིག་ག་ནི་ཡང་ མེད་པར་སྡོད་ཅི་ཟེར་ཨིནམ་ད་ མི་ལམ་ཡོད་ས་ལས་ མི་འཛུལ་ཡོད་པའི་ དོགས་པ་ཆགས་མི་ལུ་བརྟེན་ བདེ་སྲུངཔ་ཚུ་ ས་ཁོངས་ནང་ར་བཞག་སྟེ་ ཞིབ་དཔྱད་འབད་བར་ སོང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྲིམས་འགལ་འབད་མི་ཚུ་གིས་ གཡིབ་སྡོད་ཐོག་ལས་ ཉེན་བརྡའི་བརྡ་མཚོན་ག་ནི་ཡང་མེད་པར་ ཁོང་ཆ་ཁྱབ་ལུ་ གནོདཔ་བཀལ་ཡི་ཟེར་ཨིནམ་ད་ སྒྲིག་གཡོག་ནང་ཨིན་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྒང་ཏོག་ཆུང་ཀུ་ཅིག་གུ་འཛེགས་ཏེ་ འཕྲུལ་མེ་བཏེགས་རུང་ བཀྲ་མ་ཤིསཔ་ཚུ་ གཡིབ་སྡོད་ཡོདཔ་ མ་མཐོང་ཟེར་ བཤདཔ་ཨིན་པས།

ཨིན་རུང་ སྒྲིག་གཡོག་རྒྱུག་མི་ སྡེ་ཚན་དེ་ སྦོ་ལོགས་ཁར་ལྷོདཔ་ད་ དེ་འཕྲོ་ལས་ བཀྲ་མ་ཤིསཔ་༣ གྱིས་ ཁོང་ལུ་ གནོདཔ་བཀལ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།

དཀྱུས་མ་སུག་རཱཇ་སུ་བྷ་གིས་ བྱ་ངན་འབད་མི་ཅིག་ ཕར་འཕུལ་གཏང་ནི་གི་ དཔའ་བཅམ་པའི་སྐབས་ ཁོ་ལུ་ གནོདཔ་བཀལ་ཡོདཔ་ད་ ཁྲིམས་སྲུང་འགག་པ་ཆ་རོགས་དེ་གིས་ མི་བཀྲ་མ་ཤེསཔ་གུ་ འཁརཝ་གིས་བླུགས་བྱིན་ཡོད་པའི་ཤུལ་ལས་ མི་དེ་གིས་ གྱི་ཅུང་འབག་སྟེ་ ཁོ་ལུ་ གནོདཔ་བཀལ་བར་འོང་ཟེར་ དཀྱུས་མ་སུག་རཱཇ་སུ་བྷ་གིས་ བཤདཔ་ཨིན་པས།

དཀྱུས་མ་སུག་རཱཇ་སུ་བྷ་གིས་འབད་བ་ཅིན་ མི་བཀྲ་མ་ཤིསཔ་ཚུ་ བདའ་འགྱོ་བའི་སྐབས་རྐྱངམ་གཅིག་ ཁོ་གི་ལག་པའི་འཛུབ་མོ་དེ་ བཏོགས་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ མི་བཀྲ་མ་ཤིསཔ་ཚུ་ བདའ་བཏང་ཡོདཔ་མ་གཏོགས་ བཟུང་མ་ཚུགས་ཟེར་ཨིནམ་ད་ དཀྱུས་མ་སུག་རཱཇ་སུ་བྷ་གིས་འབད་བ་ཅིན་ ལག་པར་འཁརཝ་རྐྱངམ་གཅིག་འབག་སྟེ་ མཚོན་ཆ་འབག་མི་ མི་ངན་ཚུ་གི་ རྟིང་བདའ་འགྱོ་ནི་དེ་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *