ཁྲིམས་སྤྱི་བློན་པོ་གིས་ གསལ་བཤད་འབད་བའི་བསྒང་།

ཁྲིམས་སྤྱི་བློན་པོ་གིས་ རྒྱལ་བརྒྱུད་རིང་ལུགས་དང་འབྲེལ་བའི་ གསལ་བཤད་འབད་ཡོདཔ།

༉ ཁ་ཙ་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ ཐིམ་ཕུག་རྒྱལ་འཛིན་སློབ་སྡེ་ནང་ ལོ་བསྟར་རྒྱལ་བརྒྱུད་ཀྱི་སྐོར་ལས་ གསལ་བཤད་འབད་བའི་སྐབས་ རྩ་ཁྲིམས་དང་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་གནད་དོན་ཐོག་ལུ་ གསལ་བཤད་འབད་ཡི།
ཁྲིམས་སྤྱི་བློན་པོ་གིས་ སློབ་ཕྲུག་ཚུ་ལུ་ རྩ་ཁྲིམས་ཆེན་མོའི་ནང་ རྒྱལ་ཁམས་ཀྱི་སྐོར་ལས་ བཀོད་དེ་ཡོད་མི་དེ་ཡང་ རྒྱལ་ཁབ་ཡུན་བརྟན་དང་ རང་བཙན་བཞག་ཐབས་ལུ་ དམིགས་ཏེ་ཨིན་ཟེར་གསུངས་ཡི།
རང་དབང་དང་བདེ་སྐྱིད་ རྒྱལ་ཡོངས་ཀྱི་དམིགས་ཡུལ་ཨིནམ་ལས་ འབྲུག་འདི་ སྲིད་འབྲེལ་དང་ རྒྱལ་ཁབ་ཆུང་ཀུ་ཨིན་རུང་ རང་བཙན་སྦེ་གནས་ཡོད་པའི་ཁར་ རྒྱལ་སྤྱི་རྒྱལ་ཁབ་ཚུ་དང་གཅིག་ཁར་ ས་མཚམས་ལེ་ཤ་ཡོད་དེ་འབད་རུང་ དེ་ཚུ་ག་ར་ གཏན་ཏོག་ཏོ་སྦེ་ཡོད་པའི་ཁར་ རྫོང་ཁག་༤ རྩི་རང་དང་ སྤུ་ན་ཁ་ ཀྲོང་གསར་ དེ་ལས་ མོང་སྒར་མ་གཏོགས་ རྫོང་ཁག་གཞན་ཚུ་ག་ར་ རྒྱལ་ཁབ་གཞན་དང་གཅིག་ཁར་ ས་མཚམས་མཐུད་སྦྲེལ་འབད་དེ་ཡོད་རུང་ རྒྱལ་ཁབ་འདི་ རང་བཙན་སྦེ་ར་ གནས་ཏེ་ཡོད་ཟེར་གསུངས་ཡི།
དེ་ཚུ་ག་ར་ རྒྱལ་བརྒྱུད་ཀྱི་རིང་ལུགས་ འགོ་བཙུགས་པའི་ཤུལ་ལས་ སྒྲིང་སྒྲི་བཟོ་ཡོད་པའི་ཁར་ གྲུབ་འབྲས་དེ་ ཡུན་རིང་གི་རྒྱབ་ལས་ བཟོ་ཚུགས་ནུག་ཟེར་ཨིནམ་ད་ བི་རི་ཊིཤ་གཞུང་གི་འོག་ལུ་མ་ཚུད་པར་ རྒྱལ་ཁམས་རང་བཙན་སྦེ་ བཞག་ཚུགས་ནུག་ཟེར་བཤད་ཅི།
འབྲུག་རྒྱལ་༢ པ་མཆོག་གིས་ རྒྱལ་ཁབ་ནང་ དམག་མི་དཔའ་རྫཔ་ཡོད་མི་དེ་ དམག་སྡེ་གཞི་བཙུགས་འབད་ནིའི་དོན་ལུ་ འགོ་དང་པ་ར་ སྤྱི་ལོ་༡༩༢༧ ལུ་ བཙན་སྐྱོགས་དང་ སྐྱིད་བདེ་མཁར་དཀར་མདོག་དེ་ རྒྱ་གར་ཨ་སམ་ལུ་ དམག་སྦྱོང་འབད་བར་བཏང་ནུག་ཟེར་ཨིན་པས།
ཁྲིམས་སྤྱི་བློན་པོ་གིས་ རྒྱལ་པོའི་བརྟན་བཞུགས་རྩམ་པའི་སྐབས་ ལྷོ་ཙན་དན་བཀོད་པའི་ཟེར་ འགོ་བཙུགས་ཡོད་མི་དེ་ཡང་ མི་ཚུ་གིས་ ཐད་ཀར་དུ་ འབྲུག་རྒྱལ་ཁབ་འདི་ བོད་ལས་ལྟཝ་ད་ ལྷོ་ཁ་ཐུག་འབད་ནི་དེ་གིས་ འབྲུག་འདི་ བོད་ཀྱི་འོག་ལུ་ཨིནམ་བཟུམ་མའི་ མནོ་བསམ་བཏང་ནི་དེ་གིས་ དེ་ཡང་ འབྲུག་ཙན་དན་བཀོད་པའི་རྒྱལ་ཁབ་ཟེར་ བཟོ་གནང་ནུག་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོ་རྩམ་པའི་སྐབས་ལུ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོ་སྦེ་ མིང་བཏགས་ནི་སྦེ་ཡོད་རུང་ འཐུས་མི་ལ་ལོ་ཅིག་གིས་ གྲོས་བསྟུན་འབད་བའི་སྐབས་ དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་སྦེ་ མིང་བཏགས་དགོ་པས་ཟེར་ཡང་ སླབ་མི་ཐོན་ཡོད་རུང་ དཔལ་ཟེར་མི་དེ་ གཙང་པ་རྒྱ་རས་ཀྱི་རྣམ་ཐར་ནང་འབད་བ་ཅིན་ བཀའ་བརྒྱུད་ཀྱི་ཆོས་ལུགས་འཛིན་མི་ཨིནམ་ལས་ འབྲུག་ལུ་ རྙིང་མའི་ཆོས་ལུགས་འཛིན་མི་ཡོདཔ་ལས་ དེ་གིས་ཡང་ རྩ་ཁྲིམས་དེ་ བཀའ་བརྒྱུད་ཚུ་གི་དོན་ལུ་རྐྱངམ་གཅིག་ འགྱུར་ཉེན་ཡོདཔ་ལས་ རྩ་ཁྲིམས་ཆེན་མོ་སྦེ་ བཞག་བཞགཔ་ཨིན་ཟེར་ཨིན་པས།
དེ་ཡང་ བློན་པོ་གིས་ མིང་གཅིག་བཏགས་ནི་ཨིན་རུང་ དོན་ངོ་མའི་ནང་ ག་དེམ་ཅིག་ གལ་ཆེཝ་ཨིན་ན་ ཧ་གོ་ཐབས་ལུ་ཨིན་ཟེར་ཨིན་པས།
སྤྱི་ལོ་༡༩༤༩ ལུ་ དར་ཇི་གླིང་ལུ་སྦེ་ མཚན་རྟགས་བཀོད་པའི་སྐབས་ རྒྱལ་དར་བཟོ་ཡོདཔ་ལས་ རྒྱལ་པོའི་བརྟན་ཞུགས་དང་རྒྱལ་དར་ལུ་ ག་ར་གིས་ གུས་ཞབས་འབད་དགོ་ཟེར་ཨིན་པའི་ཁར་ རྒྱ་མི་གཞུང་གིས་ བོད་རྒྱལ་ཁབ་ འོག་ལུ་བཙུགས་པའི་སྐབས་ལུ་ཡང་ བོདཔ་ཚུ་ལུ་ འབྲུག་གཞུང་གིས་ སྐྱབས་བཅོལ་བྱིན་ཡོད་མི་དེ་ཡང་ རྒྱལ་ཁབ་རང་དབང་ཡོད་མི་རྐྱངམ་གཅིག་གིས་ འབད་ཆོགཔ་ལས་ དེ་གིས་ཡང་ རྒྱལ་ཁབ་རང་བཙན་ཡོད་པའི་ ངོ་རྟགས་སྟོན་ཡི་ཟེར་ཨིན་པས།
གསེར་ཁྲི་ལས་ ལམ་ལུགས་སྲོལ་དང་ སྒྲིག་ལམ་རྣམ་གཞག་གི་ བཀའ་ཤོག་གནང་མི་དེ་གིས་ རྒྱལ་ཁབ་ཀྱི་རང་བཙན་སྲུང་ཚུགས་ཡོདཔ་ད་ འགོ་དང་པ་ སྤྱི་ལོ་༡༩༡༢ ལུ་ རྒྱལ་ཁབ་ནང་ ཤེས་རིག་འགོ་བཙུགས་པའི་སྐབས་ རྒྱ་གར་གྱི་ཁ་སྐད་ ཧིན་ལྡིའི་ཐོག་ལས་ འགོ་བཙུགས་ཡོད་རུང་ ཤུལ་ལས་ ཨིང་ལིཤ་ཐོག་ འགོ་བཙུགས་ཡོདཔ་ལས་ གོང་འཕེལ་འགྱོ་ཚུགས་མི་ཚུ་ག་ར་ རྒྱལ་ཁབ་རང་བཙན་གྱི་ རྟགས་མཚན་ཨིན་ཟེར་བཤད་ཅི།
བློན་པོ་གིས་ དམངས་གཙོའི་རིང་ལུགས་དེ་ཡང་ གསེར་ཁྲི་ལས་གསོལ་རས་སྦེ་ གནང་ཡོད་པའི་སྐོར་ལས་ བཤད་ཡོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དུས་རྒྱུན་དུ་ ཉམ་ཆུང་གི་ཐོག་ལས་ ཕྱག་ཞུ་དགོ་ཟེར་ གསུངས་ཏེ་ཡོདཔ་ལས་ ན་གཞོན་ཚུ་གིས་འབད་རུང་ སེམས་ཁར་བཞག་དགོ་ཟེར་བཤད་ཅི།
སྤྱི་ལོ་༡༦༢༦ ལུ་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ སྐུ་མཚམས་གནང་པའི་ཤུལ་ལས་ རྒྱལ་བརྒྱུད་མ་ལྷོད་ཚུན་ རྒྱལ་ཁབ་ནང་ སྡེ་སྲིད་དང་ དཔོན་སློབ་ དེ་ལས་ རྫོང་དཔོན་ཚུ་ མི་མང་གིས་ གདམ་འཐུ་འབད་་རུང་ ཚར་དཅིག་དབང་ཚད་འཐོབ་པའི་ཤུལ་ལས་ དགོངས་ཞུ་འབད་མ་བཏུབ་པར་ ཟིང་འཁྲུགས་ལང་པའི་ དཀའ་ངལ་མ་ཆད་པར་ཐོན་མི་ཚུ་ཡང་ ག་ར་རྒྱལ་བརྒྱུད་འགོ་བཙུགས་པའི་ཤུལ་ལས་ མེདཔ་བཟོ་ཚུགས་ཡི་ཟེར་ཨིན་པས།
ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བོད་ར་ལུང་ལུ་ སྐུ་འཁྲུངས་ཏེ་འབད་རུང་ འབྲུག་གི་དོན་ལུ་ དམིགས་བསལ་གྱི་ཐུགས་སྨོན་གནང་སྟེ་ ཕན་རླབས་ཆེ་བའི་ཕྱག་འགན་ རྒྱ་ཆེ་དྲགས་གནང་ཡོད་པའི་སྐོར་ལས་ཡང་ གསུངས་ཡི།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ རྩ་ཁྲིམས་ཆེན་མོ་བཞེངས་ཏེ་ ལོ་༡༠ འཁོར་ནི་ཨིནམ་ལས་ རྒྱལ་བརྒྱུད་ཀྱི་འོག་ལུ་ སྲིད་དང་ཁྲིམས་དོན་ནང་ རྒྱལ་རབས་ཅན་གྱི་ གྲུབ་འབྲས་ཅིག་ཨིན་པའི་ཁར་ གསལ་བཤད་ཀྱི་ལས་རིམ་དེ་ སྤྱི་ལོ་༢༠༡༤ ལུ་ རྒྱལ་ཡོངས་ཁྲིམས་དོན་གཙུག་ལག་སློབ་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ འགོ་བཙུགས་གནང་མི་དེ་ སློབ་སྡེ་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *