ཁྲིམས་སྡེའི་མཐོ་གཏུགས་ལམ་ལུགས་ བསྒྱུར་བཅོས་འབད་མ་རནམ་ཨིན་ན?

༉ འབྲུག་གི་དྲང་ཁྲིམས་ལྷན་སྡེ་གིས་ ཞི་རྩོད་དང་ཉེས་རྩོད་ག་ཅི་ར་འབད་རུང་ རྩོད་གཞི་འགོ་ཐོག་ཕྱེ་སའི་ ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ རྩོད་རྩ་དང་ རྩོད་ཟླ་གཉིས་ཆ་ར་གིས་ དྲུང་ཁག་ཁྲིམས་འདུན་ལས་འགོ་བཙུགས་ མངོན་མཐོ་ཁྲིམས་འདུན་ཚུན་ཚོད་ མཐོ་གཏུགས་འབད་ཆོག་པའི་ ཐོབ་དབང་གནང་སྟེ་ཡོད་མི་དེ་ ལམ་ལུགས་ལེགས་ཤོམ་ཨིན་མས་ཟེར་ཞུ་ནི།

ག་འཆརཔ་ཟེར་བ་ཅིན་ ཁྲིམས་གཅོད་འབད་མི་ དྲང་དཔོན་ཡང་ མི་འབདཝ་ལས་ དྲང་ཁྲིམས་སྨིན་ནིའི་ནང་ ནོར་བ་དང་ འཛོལ་བ་འབྱུང་ཉེན་ཡོདཔ་ལས་ དྲང་ཁྲིམས་འཐོབ་ནིའི་ འོས་འབབ་ཡོད་རུང་ མ་ཐོབ་འགྱོ་ནི་དང་ འཛོལ་བ་ཡོད་མི་དེ་ལུ་ ཉེས་ཁྲིམས་མ་ཕོགཔ་སྦེ་ བཟོ་བ་ཅིན་ དགག་བཤེར་དང་ཚད་མཉམ་གྱི་དོན་ལུ་ མཐོ་གཏུགས་འབད་སའི་ གོ་སྐབས་ཡོད་མི་ལུ་བརྟེན་ཨིན་ཟེར་ཞུ་ནི།

དེ་འབདཝ་ལས་ མཐོ་གཏུགས་ལམ་ལུགས་ བཟོ་དགོ་མི་དེ་ར་ ཁྲིམས་འདུན་ཚུ་ལས་ དྲང་ཁྲིམས་བྱིན་ནིའི་ནང་ ནོར་བ་བྱུང་པ་ཅིན་ མཐོ་གཏུགས་ཁྲིམས་འདུན་ལས་ ནོར་བཅོས་དང་ ལེགས་བཅོས་འབད་ནིའི་དོན་ལུ་ཨིན་མས་ཟེར་ཞུ་ནི།

འཛམ་གླིང་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ མཐོ་གཏུགས་འབད་ནིའི་ ཐོབ་དབང་ཚད་གཅིག་ལས་བརྒལ་མེད་པའི་ ལོ་རྒྱུས་གོ་མི་དེ་ཡང་ རྩ་ཕན་གཅིག་གིས་གཅིག་ལུ་ དཀའ་སྡུག་བྱིན་ནི་དང་ ཟད་འགྲོ་ལྕི་དྲགས་གནས་ནི་ལས་ བཀག་ཐབས་ལུ་ཨིན་མས་ཟེར་ཞུ་ནི། 

འབྲུག་ལུ་འབད་བ་ཅིན་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཁྲིམས་དེབ་ཀྱི་ དོན་ཚན་༡༠༩ པ་གིས་ མངའ་འོག་གི་ ཁྲིམས་འདུན་ལས་གནང་བའི་ འཁྲུན་ཆོད་ཀྱི་འགལ་ཟླ་ལུ་ མཐོ་གཏུགས་ཞུ་ཆོག་མི་ལུ་ རྩ་ཕན་ཚུ་གིས་ ཆེ་རིམ་ཁྲིམས་འདུན་ཚུ་ལས་ རྒྱལ་ཁ་འཐོབ་ནི་གི་ རེ་བ་མེད་རུང་ མཐོ་གཏུགས་ཞུ་མི་ལུ་ བལྟ་བ་ཅིན་ མཐོ་གཏུགས་ལམ་ལུགས་དེ་ ལོག་སྤྱོད་འབད་དོ་བཟུམ་མའི་ མཐོང་སྣང་བྱུངམ་མས་ཟེར་ཞུ་ནི།

དེ་ཡང་ དཔྱེ་འབད་བ་ཅིན་ བུ་ལོན་དང་འབྲེལ་བའི་ རྩོད་གཞི་ཨིན་པ་ཅིན་ བསྐྱི་མི་གིས་ དུས་ཚོད་མངམ་ལེན་ཏེ་ རྩོད་རྩ་ལུ་ དཀའ་སྡུག་བྱིན་ནི་དང་ སྐྱིན་ཚབ་མི་བཏབ་ནིའི་དོན་ལུ་ དྲུང་ཁག་ཁྲིམས་འདུན་ལས་ མངོན་མཐོ་ཁྲིམས་འདུན་ཚུན་ མཐོ་གཏུགས་འབདཝ་མས་ཟེར་ཞུ་ནི།

མཐོ་གཏུགས་ལམ་ལུགས་དེ་གིས་ ཞི་རྩོད་༡ ལུ་ར་ ལོ་ལས་བཅད་དེ་ འགོར་བའི་མཐའ་མར་ མཐའ་བཅད་ཀྱི་ འཁྲུན་ཆོད་གནང་རུང་ ད་རུང་ ཏི་རུ་སྤྲོད་ནི་གི་ ཞག་དུས་ཟླཝ་དག་པ་ཅིག་ ལེན་དོ་ཡོདཔ་ལས་ རྩོད་རྩ་ལུ་ ཚད་མེད་ཀྱི་ དཀའ་སྡུག་དང་ གྱོང་རྒུད་ཕོག་དོ་ཡོད་པའི་ ལོ་རྒྱུས་ཚུ་ཡང་ འཕྲལ་འཕྲལ་ར་ གོ་ནི་འདུག་ཟེར་ཞུ་ནི།

ཉེས་རྩོད་ཀྱི་ནང་འབད་རུང་ བཙག་འཐུ་ལས་གྲུབ་མི་ སྤྱི་གཡོགཔ་དང་ གཞུང་གཡོགཔ་ཚུ་འབད་རུང་ ངན་ལྷད་ནང་ འབྲེལ་གཏོགས་དང་ དམངས་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་ཕོག་སྟེ་ རྫོང་ཁག་ཁྲིམས་འདུན་ལས་ ཁྲིམས་གཅོད་ཐོག་ ཉེས་ཁྲིམས་སྨིན་པའི་ཤུལ་ལས་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པའི་ཁར་ དྲང་ཁྲིམས་མ་ཐོབ་ཟེར་ ཧད་འཕུལ་ཐོག་ལས་ ཆེ་མཐོ་ཁྲིམས་འདུན་དང་ མངོན་མཐོ་ཁྲིམས་འདུན་ཚུན་ཚོད་ མཐོ་གཏུགས་འབད་མི་དེ་ཡང་ དུས་ཚོད་ཐེབས་ལེན་ནི་དང་ རང་སོའི་གནས་ཡུན་མ་ཚང་ཚུན་ སྡོད་ནི་གི་ ཐབས་ལམ་ཅིག་སྦེ་ཡང་ མཇལཝ་མས་ཟེར་ཞུ་ནི།

དེ་བཟུམ་སྦེ་ ཉེས་འཛུགས་ཅན་གྱི་ རྒྱབ་མི་དང་ ཁྲིམས་རྩོདཔ་ཚུ་གིས་འབད་རུང་ ཁྲིམས་འདུན་གོང་འོག་ཚུ་ནང་ ཡུན་རིངམོ་སྦེ་ ལུས་ནིའི་དོན་ལུ་ ཁོང་གི་ལས་མགྲོན་པའི་ ངོ་ཚབ་ལུ་ མཐོ་གཏུགས་འབད་མི་དེ་ཡང་ ལས་མགྲོན་པ་ཚུ་ལས་ རིན་འཐུས་མངམ་ འཐོབ་ནིའི་དོན་ལུ་ཨིན་མས།

རྩོད་གཞི་རྩ་བོ་དང་ རྩོད་ཟླ་ཚུ་གིས་ གོང་ལུ་བཀོད་མི་ གནད་དོན་ཚུ་གི་ཐོག་ལས་ མཐོ་གཏུགས་འབད་ཡི་ར་ སྡོད་པ་ཅིན་ དྲང་ཁྲིམས་འཐོབ་ནིའི་ འོས་འབབ་ཡོད་མི་ཚུ་གིས་ དྲང་ཁྲིམས་མ་འཐོབ་ནི་དང་ ཁྲིམས་འདུན་ལས་འབད་རུང་ འཁྲུན་ཆོད་གནང་ནི་ལུ་ ནོར་བ་འབྱུང་ཉེན་ཡོདཔ་ལས་ ཁྲིམས་བཟོ་མི་ཚུ་གིས་ བྱ་སྟབས་མ་བདེཝ་ཡོད་མི་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཁྲིམས་དེབ་དང་ ཉེས་འགེལ་ཁྲིམས་དེབ་ཚུ་ བསྒྱུར་བཅོས་འབད་དེ་ མཐོ་གཏུགས་ལམ་ལུགས་ རྩ་ཕན་གཉིས་ཆ་ར་ལུ་ ཕན་ཁྱད་ཅན་ཡོདཔ་ བཟོ་གནང་དགོ་ཟེར་ཞུ་ནི།

པདྨ་རྡོ་རྗེ།

ཐིམ་ཕུག་ཁྲོམ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *