ཁྲིམས་སྡེའི་ཁ་ཐུག་ལས་བཙག་འཐུའི་རྩོད་རྙོགས་ སེལ་ཐབས་ལུ་ གྲ་སྒྲིག།

༉ ཁ་ཙ་ལས་ རྒྱལ་ས་ལུ་སྦེ་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲིམས་འདུན་ཆེ་འབྲིང་ཆུང་གསུམ་གྱི་ དྲང་དཔོན་ཡོངས་དང་ རྩོད་འཛིན་འགོ་དཔོན་ཚུ་གི་དོན་ལུ་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཀྱི་ ལམ་ལུགས་དང་འབྲེལ་བའི་ རྒྱལ་ཡོངས་གནས་ཚད་ཀྱི་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་བཙུགས་ཅི།
དེ་ཡང་ དྲང་ཁྲིམས་ལྷན་སྡེའི་ ལས་བྱེདཔ་ཚུ་ལུ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུ་དང་དང་འབྲེལ་བའི་ རྩོད་རྙོགས་སེལ་ཐབས་ཀྱི་དོན་ལུ་ གྲ་སྒྲིག་བཟུམ་ཅིག་ཨིན་པས།
འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ མངོན་མཐོ་ཁྲིམས་འདུན་གྱི་ ཞལ་འཛོམས་ཁང་ནང་སྦེ་ འགོ་འདྲེན་འཐབ་མི་ ཉིན་གྲངས་༢ ཀྱི་ ཞལ་འཛོམས་དེ་ཡང་ ཁྲིམས་སྤྱི་བློན་པོ་ཚེ་རིང་དབང་ཕྱུག་གིས་ འགོ་འབྱེད་འབད་བའི་སྐབས་ བཙག་འཐུའི་རྩོད་རྙོགས་དང་འབྲེལ་བའི་ དྲངས་ཁྲིམས་ཀྱི་ སྲིད་བྱུས་ཚུ་གི་སྐོར་ལས་ གསུངས་མིའི་ནང་ ཁྲིམས་དེ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་དགོཔ་ གལ་ཆེཝ་བཞིན་དུ་ ལས་རིམ་ནང་ སྟབས་བདེཝ་མ་བདེ་བའི་དོགས་པ་ཚུ་ སེལ་ནིའི་ས་གོ་ཅིག་ཨིནམ་ལས་ ལེགས་ཤོམ་སྦེ་ ལག་ལེན་འཐབ་དགོཔ་མ་ཚད་ ཁྲིམས་ཀྱི་ཐོག་ལས་ དམངས་གཙོའི་ལམ་ལུགས་ཀྱི་རེ་འདོད་ འགྲུབ་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ དྲང་ཁྲིམས་ལྷན་སྡེ་དེ་ སྲིད་དང་འབྲེལ་བ་མེད་པའི་ གཙུག་སྡེ་ཅིག་ཨིནམ་བཞིན་དུ་ སྲིད་དང་འབྲེལ་བ་མེདཔ་སྦེ་ བཞག་ནི་དེ་ཡང་ ཁག་ཆེ་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་དེ་ སྲིད་དང་འབྲེལ་བ་མེདཔ་སྦེ་ བཞག་ནི་དང་འབྲེལ་བའི་ཁྲིམས་ཡོད་མེད་དང་ བཙག་འཐུའི་ཟད་འགྲོ་མར་ཕབ་འབད་ནིའི་ཐབས་ལམ་ ལྡོག་ཕྱོགས་ཚོགས་པ་དེ་ གལ་སྲིད་ ཧྲམ་འགྱོ་བ་ཅིན་ ཚབ་མ་ཚོགས་པ་གཞན་ བཙུགས་ཐབས་ཀྱི་ལམ་ལུགས་ གནས་སྐབས་གཞུང་གི་འགན་དབང་ དེ་ལས་ བཙག་འཐུ་ནང་དངུལ་ལག་ལེན་ མར་ཕབ་དང་བཀག་ཆ་འབད་དགོཔ་ དེ་ལས་ བཙག་འཐུ་དང་འབྲེལ་བའི་རྩོད་རྙོགས་ཚུ་ དུས་ཐོག་སེལ་ཐབས་འབད་དགོ་པའི་སྐོར་ལས་ གསུངས་ཡི།
རྒྱལ་ཁབ་ནང་ མངོན་མཐོ་དང་ ཆེ་མཐོ་ རྫོང་ཁག་ དེ་ལས་ དྲུང་ཁག་ཚུ་གི་ དྲང་དཔོན་ཆ་མཉམ་དང་ རྩོད་འཛིན་འགོ་དཔོན་བརྩིས་ཏེ་ མི་ངོམ་༦༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་ འགོ་ཐོག་གི་ ལས་རིམ་དེ་ནང་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཙག་འཐུའི་ལམ་ལུགས་དང་ སྲིད་བྱུས་ དེ་ལས་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཀྱི་ ལམ་ལུགས་སྐོར་ལས་ གོ་བརྡ་སྤེལ་ཡོདཔ་མ་ཚད་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ བཙག་འཐུ་སྐོར་ལས་ཡང་ གསལ་བཤད་འབད་ཡི།
འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གི་ ཡོངས་ཁྱབ་མདོ་ཆེན་ བློ་བཟང་རིག་འཛིན་ཡར་རྒྱས་ཀྱིས་ སླབ་མིའི་ནང་ གོ་བསྡུར་ཞལ་འཛོམས་དེ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་པའི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་བཟུམ་ཅིག་ཨིནམ་ད་ དེ་ནང་ དུས་མཐུན་གྱི་ བཙག་འཐུའི་ཁྲིམས་ལུགས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ནི་དང་ བཙག་འཐུའི་རྩོད་རྙོགས་ཚུ་ རྒྱལ་ཁབ་ཀྱི་ ཁྲིམས་འདུན་ཆ་མཉམ་ནང་ ལམ་ལུགས་དང་བསྟུན་ གཅིག་མཚུངས་སྦེ་ སེལ་ཐབས་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
འབྲེལ་ཡོད་གཙུག་སྡེ་ བཙག་འཐུ་ལྷན་ཚོགས་དང་ དྲང་ཁྲིམས་ལྷན་སྡེའི་བར་ན་ བཙག་འཐུའི་རྩོད་རྙོགས་དང་འབྲེལ་བའི་ དགོས་མཁོ་ཚུ་ སེལ་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *