ཁྲིམས་སྡེ་གིས་ གོ་སྐབས་གཉིས་ སྤྱིག་བཏང་པའི་མངོན་གསལ།

༉ འདས་པའི་བདུན་ཕྲག་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་སྐོར་ལས་ གཞུང་དང་ འབྲུག་མཉམ་རུབ་ཚོགས་པའི་བར་ནའི་ རྩོད་བཤེར་དེ་ ས་ཁྱོན་དབང་ཁྱབ་མེད་པའི་ བདེན་ཁུངས་ཟང་ཐོག་ལས་ ཕྱིར་འབུད་བཏང་མི་དེ་ལུ་ མི་མང་ལས་ བསམ་ལན་སྣ་ཚོགས་བཀོདཔ་ཨིན་མས།
དེ་ཡང་ སྲིད་དོན་ཚོགས་པ་གིས་ ཁྲིམས་འདུན་ལུ་ བཤེར་ཡིག་ཕུལ་དགོ་པའི་ གནད་དོན་གཙོ་བོ་ར་ གཞུང་གིས་ བྱ་བའི་གནད་སྤྱོད་དང་འཁྲིལ་ སྤྱི་ཚོགས་ནང་ མ་བཙུགས་པར་ དངུལ་འབྲེལ་མཐུན་རྐྱེན་གནང་ཐོག་ལས་ ཟ་ཁང་དང་ ལྟ་བཤལ་ལ་སོགས་པའི་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཁྲལ་དགོངས་ཡངས་གནང་མི་དེ་ ཁྲིམས་མཐུན་ཨིན་མིན་གྱི་ བཀའ་ཡིག་ཅིག་ གནང་ཐབས་ལུ་ཨིན་རུང་ རྩོད་བཤེར་དབྱེ་འཕྲོ་དང་ ས་ཁྱོན་དབང་ཁྱབ་ཀྱི་ གནད་དོན་༢ ལུ་ གཙོ་བོར་བཟུང་སྟེ་ རྩོད་དོན་ངོ་མ་དེ་ རྒྱབ་ཁར་བསྐྱུར་བཞག་དོ་བཟུམ་མའི་ ཚོར་སྣང་བྱུང་ནི་དེ་གིས་ཨིན་མས།
མ་གཞི་ ཆེ་མཐོ་ཁྲིམས་འདུན་གྱིས་ ཁྲིམས་ཀྱི་དགོངས་དོན་ ཁ་གསལ་མེད་མི་དང་ སྲིད་དོན་ཚོགས་པ་ལུ་ ས་ཁྱོན་དབང་ཁྱབ་མེད་མི་ དེ་ལས་ ལྡོག་ཕྱོགས་ཚོགས་པའི་ འགན་ཁུར་ཚུ་ དོན་འགྲེལ་ཐོག་ དྭངས་གསལ་བཟོ་ཡོད་རུང་ འཁྲུན་ཆོད་ཀྱི་ཐད་ཁར་ལྷོདཔ་ད་ དབུ་མའི་ལམ་ལུ་ཞུགས་ཏེ་ རྩ་ཕན་གཉིས་ཆ་ར་ལུ་ ཁེ་རྒུད་བཏུབ་སྦེ་ གནང་མི་དེ་ བློ་ཁོག་ཆུང་བའི་ གྲོས་ཆོད་བཟུམ་ གསལ་སྟོན་འབདཝ་མས་ཟེར་ གནད་དོན་དེ་ལུ་ རྗེས་དཔྱད་འབད་མི་ཚུ་གིས་ སླབ་ཨིན་མས།
ཁྲིམས་འདུན་གྱི་ ཁ་ཐུག་ལས་འབད་བ་ཅིན་ འདས་པ་དང་ ད་ལྟོའི་གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་གནང་ཡོད་མི་དེ་ ཁྲིམས་འགལ་ཨིན་མིན་སྐོར་ དབྱེ་བཤེར་མ་མཛད་མི་དེ་ བཤེར་ཡིག་བཙུགས་མི་ལུ་ ས་ཁྱོན་དབང་ཁྱབ་མེད་པའི་ཁར་ ཐད་ཀར་གྱི་ གནོད་པའམ་ གནོད་འཚེ་ངོ་མ་བྱུང་ནི་དེ་གིས་ཨིན་ཟེར་ཨིན་མས།
ལ་ལོ་ཅིག་གིས་ བསམ་འཆར་བཤད་མིའི་ནང་ ཁྲིམས་འདུན་གྱིས་ འདི་བཟུམ་མའི་ རྩ་ཁྲིམས་ཅན་གྱི་ རྩོད་དོན་ཐོནམ་ད་ ས་ཁྱོན་དབང་ཁྱབ་མེན་པར་ ཕུགས་ཀྱི་མཐའ་དོན་ལུ་གཟིགས་ཏེ་ ཁྲིམས་མཐུན་ཨིན་མིན་ དབྱེ་དཔྱད་མཐིལ་ཕྱིན་མཛད་ཞིནམ་ལས་ དེ་ལུགས་ཀྱི་ ལམ་སྟོན་བཀའ་རྒྱ་ཅིག་ གནང་ཡོད་པ་ཅིན་ མི་མང་ལུ་ མགུ་འཐོམ་བྱུང་མི་དེ་ དྭངས་གསལ་བཟོ་བཟོཝ་འོང་ཟེར་ ཨིན་མས།
ཨིན་རུང་ གཞུང་སྐྱོང་གང་རུང་ལུ་ སྲིད་དང་ རྩ་ཁྲིམས་ཆེན་མོའི་ འགན་འཁྲི་དེ་ གནས་ཡུན་གཏན་འཁེལ་ཨིནམ་ལས་ འདས་པའི་གཞུང་ཚུ་གིས་ འདི་བཟུམ་མའི་ དངུལ་འབྲེལ་སེམས་ཤུགས་དེ་ ཏི་རུ་བཅའ་ཡིག་ཐོག་ལས་ བྱིན་ཚར་ཡོད་རུང་ མ་འོངས་པའི་ གཞུང་སྐྱོང་གིས་ དགོས་མཁོ་དང་བསྟུན་ བསྐྱར་ཞིབ་དང་ བསྒྱུར་བཅོས་འབད་དེ་ སྤྱི་ཚོགས་ཀྱིས་ ཆ་འཇོག་འགྲུབ་ནི་ཨིན་ན་ ཡང་ཅིན་ ཏི་རུ་དཔྱད་ཡིག་སྦེ་བཙུགས་ཏེ་ ཆ་འཇོག་འགྲུབ་ནི་ཨིན་ན་ སྐབས་བབ་གཞུང་གིས་ ཆ་འཇོག་གམ་ ཆ་མེད་གཏང་ནི་དེ་ སྤྱི་ཚོགས་བརྒྱུད་དེ་མཛད་ནིའི་ དབང་ཁྱབ་ཡོད་ཟེར་ འཁྲུན་ཆོད་ནང་ ཐད་ཀར་མིན་པའི་ཐོག་ བཀོད་མི་ལུ་ བལྟ་བ་ཅིན་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༧ གྱི་ཧེ་མ་ དངུལ་འབྲེལ་མཐུན་རྐྱེན་གནང་ཚར་མི་ཚུ་ ཁྲིམས་མཐུན་མེནམ་བཟུམ་སྦེ་ བརྡ་མཚོན་སྟོནམ་མས།
སྤྱིར་བཏང་གི་ འཆར་སྣང་ལུ་ དངུལ་འབྲེལ་མཐུན་རྐྱེན་གྱི་ རྩོད་བཤེར་དེ་ ཕྱིར་འབུད་བཏང་མི་དེ་གིས་ ཁྲིམས་འདུན་ལུ་ ཁྲིམས་ཀྱི་དོན་འགྲེལ་གནང་ནི་གི་ གོ་སྐབས་བཟང་པོ་ ཐོབ་མི་དེ་ སྤྱིག་བཏང་དོ་བཟུམ་ མཐོང་གསལ་བྱུང་ནུག།
ན་ཧིང་ཡང་ མི་སྡེའི་བརྡ་བརྒྱུད་ཐོག་ལུ་ སྐུར་འདེབས་འབད་བའི་ རྩོད་བཤེར་ནང་ རང་དབང་ཅན་གྱི་བརྡ་བརྒྱུདཔ་ རྣམ་རྒྱལ་བཟང་མོ་དང་ ཚོང་འབྲེལ་འཐབ་མི་ བསོད་ནམས་ཕུན་ཚོགས་༢ ཁྲིམས་སར་གཏུགས་པའི་ཤུལ་ལས་ རྩོད་རྩ་གིས་ བཤེར་ཡིག་ཕྱིར་བཏོན་འབད་ཡོད་མི་ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ ངོས་ལེན་འབད་ཡོད་རུང་ ལམ་བཏོན་བཀའ་རྒྱ་ག་ནི་ཡང་མེད་པར་ མཇུག་བསྡུ་བཏང་མི་ལུ་བརྟེན་ ད་རེས་ནངས་པར་ མི་སྡེའི་བརྡ་བརྒྱུད་ནང་ལས་ཕར་ སྐུར་འདེབས་དང་འབྲེལ་བའི་ རྩོད་གཞི་ལེ་ཤ་ཐོན་དོ་ཡོདཔ་ཨིན་མས།
དེ་བསྒང་ ཁྲིམས་འདུན་གྱིས་ གོ་སྐབས་ལེན་ཐོག་ལས་ མི་སྡེའི་བརྡ་བརྒྱུད་ལག་ལེན་དང་འབྲེལ་བའི་ ལམ་སྟོན་བཀའ་རྒྱ་གནང་ཡོད་པ་ཅིན་ སྐུར་འདེབས་དང་ མི་དཀར་ལ་ཞྭ་ནག་སྤུབས་པའི་ ཁ་ཉེས་ཉུང་སུ་ཅིག་ལས་བརྒལ་ མ་ཐོནམ་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *