ཁྲིམས་ལུགས་ཚུ་ ཆ་མཐུན་བཟོ་ནིའི་ཐབས་ལམ?

༉ ད་ལྟོ་ཡོད་མི་ བཅའ་ཁྲིམས་དང་ བཅའ་ཡིག་ཚུ་གི་ དགོངས་དོན་ཚུ་ རྩ་ཁྲིམས་ཆེན་མོ་དང་ ཁྲིམས་ཡིག་གཞན་ཚུ་དང་ རྒྱབ་འགལ་ཡོད་མི་ཚུ་ བསྐྱར་ཞིབ་འབད་དེ་ ཆ་མཐུན་བཟོ་ནིའི་དོན་ལས་ འཕྲི་སྣོན་གྱི་ གྲོས་འཆར་བཙུགས་ནིའི་དོན་ལུ་ གཞི་བཙུགས་འབད་མི་ རྒྱལ་ཡོངས་ཁྲིམས་བསྐྱར་ཞིབ་ལས་བྱེད་ཚོགས་ཆུང་གིས་ བསྐྱར་ཞིབ་ཀྱི་ ལཱ་མཇུག་བསྡུ་སྟེ་ སྙན་ཞུ་བསྡུ་སྒྲིག་འབད་བའི་བསྒང་འདུག།
སྤྱི་ལོ་༢༠༡༥ ཟླ་༤ པའི་ནང་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ལས་བྱེད་ཚོགས་ཆུང་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ཚུ་དང་ འགལ་བ་ཡོད་མི་དང་ བཅའ་ཁྲིམས་ཚུ་གི་བར་ན་ དགོངས་དོན་ཅོག་འཐདཔ་དང་ མ་འདྲཝ་ཡོད་མི་ཚུ་ ངོས་འཛིན་འབད་ཡོདཔ་མ་ཚད་ དགོས་མཁོ་དང་ ལག་ལེན་མེད་པའི་ བཅའ་ཁྲིམས་ཚུ་ཡང་ ངོས་འཛིན་གྱིས་ འཕྲི་སྣོན་གྱི་དོན་ལུ་ གྲོས་འདེབས་བཀོད་ནི་ཨིན་མས།
ད་ལྟོ་ སྙན་ཞུ་བསྡུ་སྒྲིག་འབད་བའི་བསྒང་ཡོད་མི་དེ་ འཕྲལ་མགྱོགས་ར་ གཞུང་ལུ་ ཕུལ་ནི་ཨིནམ་ལས་ རབ་འབྱུང་པ་ཅིན་ ད་ལྟོའི་གཞུང་གི་གནས་ཡུན་སྐབས་ ཁྲིམས་ལུགས་ཚུ་ གཅིག་མཐུན་དང་ རྩ་བརྟན་བཟོ་བ་ཅིན་ ཁེ་གྱོང་པ་ཚུ་ལུ་ ཕན་ཁྱད་འབྱུང་པའི་ རེ་བ་ཡོདཔ་ཨིན་མས།
ད་རེས་ནངས་པར་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་ལུ་ སྟབས་མ་བདེཝ་ སྦོམ་ཤོས་ར་ ཁྲིམས་འགལ་གྱི་ ལཱ་བྱ་དེ་ ད་ལྟོ་ཡོད་མི་ བཅའ་ཁྲིམས་འཕྲི་སྣོན་དང་ ཆ་འཇོག་འབད་མི་ དེ་ལས་ རྩ་ཁྲིམས་ཆེན་མོ་ ཆ་འཇོག་མ་གྲུབ་པའི་ཧེ་མ་ འཐབ་ཡོད་རུང་ རྩོད་རྙོགས་དེ་ ཁྲིམས་གསརཔ་བསྟར་སྤྱོད་འབད་བའི་སྐབས་ བྱུང་པ་ཅིན་ ཁྲིམས་རྒྱབ་ལོག་བལྟ་སྟེ་ བསྟར་སྤྱོད་འབད་མི་ལས་ བྱུངམ་ཨིན་མས།
དཔེར་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བའི་ ཚུལ་མིན་ལག་ལེན་ཚུ་ སྤྱི་ལོ་༢༠༠༠ གི་ཧེ་མ་ཨིན་པ་ཅིན་ ཁྲིམས་འདུན་ཚུ་གིས་ ཉེས་འཛུགས་ཅན་ཚུ་ལུ་ ཁྲིམས་གཞུང་ཆེན་མོའི་ དགོངས་དོན་དང་འཁྲིལ་ ཁྲིམས་དང་ཉེས་བྱ་ཚུ་ བཀལཝ་ཨིན་མས།
དེ་ལས་ ཁྲིམས་ཚུལ་མཐུན་མེད་མི་ལུ་བརྟེན་ མི་ཚུ་ལུ་ བརྡབ་གསིག་དང་ དཀའ་སྡུག་བྱུང་པའི་ རྩོད་དོན་ཚུ་ ཐོན་ཡོད་མི་དེ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་ནང་ སྐྱེས་ལོ་༡༨ མ་ལང་མི་ཚུ་ ན་ཆུང་གྲངས་སུ་ བརྩི་འཇོག་འབདཝ་བཞིན་དུ་ གལ་སྲིད་ སྐྱེས་ལོ་༡༨ མ་ལང་མི་ བུམོ་ན་གཞོན་དང་གཅིག་ཁར་ མོས་མཐུན་ཐོག་ ལུས་འབྲེལ་དང་ ཕན་ཚུན་ཕམ་ཚུ་གི་ ཁ་ཐུག་ལས་ གཉེན་སྦྱོར་འབད་བྱིན་རུང་ ཁྲིམས་ཀྱི་དགོངས་དོན་དང་འཁྲིལཝ་ད་ དབང་བཙོང་ལུས་འབྲེལ་གྱི་གྲངས་སུ་ཚུདཔ་ཨིན་ཟེར་ ཁྲིམས་འདུན་ཚུ་གིས་ ཕོ་སྐྱེས་ཚུ་ལུ་ བཙོན་ཁྲིམས་ལོ་༩ བཀལ་མི་དེ་ དྲང་བདེན་མིན་འདུག་ཟེར་ ཉམས་རྒུད་པ་དང་ སྤྱིར་བཏང་གིས་ ཉོགས་བཤད་བཀོདཔ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ མོས་མཐུན་ཐོག་དང་ དབང་བཙོང་གི་སྒོ་ལས་ འདོད་སྤྱོད་འབད་མི་གཉིས་ཆ་ར་ལུ་ བཙོན་ཁྲིམས་ལོ་ང་༩ རེ་ བཀལ་ནི་དེ་གིས་ དྲང་བདེན་མིན་འདུག་ཟེར་ སླབ་ཨིན་མས།
ད་རུང་ ཁྲིམས་ཆ་མཐུན་མེད་པའི་ དགོངས་དོན་ཚུ་གི་ཐད་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ གནས་སྐབས་ཅིག་གི་དོན་ལས་ བཀའ་རྒྱ་བཏོན་ཏེ་ ཁྲིམས་འདུན་ཚུ་གིས་ བསྟར་སྤྱོད་འབདཝ་ཨིན་རུང་ དེ་ཚུ་ ཆ་མཐུན་དང་ འཕྲི་སྣོན་འབད་ནིའི་ འགན་ཁུར་དེ་ ཁྲིམས་བཟོ་ལྷན་སྡེ་ སྤྱི་ཚོགས་ལུ་ཕོགཔ་ཨིན།
འདི་འབདཝ་ད་ སྤྱི་ཚོགས་ཀྱིས་ རྗེས་དཔྱད་མ་འབད་བ་ཅིན་ ཁྲིམས་བཟོ་འགན་ཁུར་དེ་ དྲང་ཁྲིམས་ལྷན་སྡེ་གིས་ འབག་དོ་བཟུམ་འགྱོ་ནི་ཨིནམ་ལས་ དམངས་གཙོའི་རིང་ལུགས་ཀྱི་ བྱ་བའི་གནད་སྤྱོད་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད།
རྒྱལ་ཡོངས་ཁྲིམས་བསྐྱར་ཞིབ་ལས་བྱེད་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་དེ་ ཁྲིམས་མ་མཐུན་དང་ དུས་མཐུན་བཟོ་ནིའི་དོན་ལུ་ གྲོས་འདེབས་ཕུལ་ནི་ཨིནམ་བཞིན་དུ་ སྤྱི་ཚོགས་ཀྱིས་ཡང་ ངོས་ལེན་གང་མགྱོགས་གནང་སྟེ་ བཅའ་ཁྲིམས་དང་ བཅའ་ཡིག་ཚུ་ དྭངས་གསལ་དང་ མགུ་རྙོགས་མེདཔ་ བཟོ་ནི་དེ་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *