ཁྲིམས་ལུགས་དང་འཁྲིལ་དགོཔ།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ རྒེད་འོག་འཛོམས་འདུ་ཚུ་གི་ཐོག་ལས་ འདེམས་ངོ་ཚུ་ ཕྱིར་སེལ་རྐྱབ་སྟེ་ མི་སེར་ཚུ་གིས་ རང་སོའི་གདམ་ཁ་དང་འཁྲིལ་ གདམ་འཐུ་འབད་བའི་བསྒང་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་བྱ་རིམ་དེ་ ཤུགས་པའི་ལང་པའི་བསྒང་ཡོདཔ་ཨིན།

འདི་བཟུམ་མའི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་ གདམ་འཐུ་འབད་བའི་ འུར་བྱེལ་ལང་མི་དང་ སྲིད་དོན་པ་ཚུ་ ག་དེ་དྲག་དྲག་ འཛེམ་ཐབས་འབད་དགོ་པའི་ དྲན་གསལ་འབད་བཞིན་དུ་ཡོད་རུང་ སྲིད་དོན་ཚོགས་པ་ཚུ་གིས་ སྲིད་དང་འབྲེལ་བའི་ ལས་སྣ་ཚུ་ནང་ འདུ་འཛི་ཅན་སྦེ་སྡོད་ས་ཡང་ མཐོང་གསལ་བྱུངམ་མས།

དེ་ཡང་ སྲིད་དོན་ཚོགས་པའི་ འདེམས་ངོ་གསརཔ་ཚུ་ ངོ་སྤྲོད་འབདཝ་མ་ཚད་ སྲིད་ཚོགས་མཉམ་བསྡོམས་ཀྱི་ གསལ་བསྒྲགས་འབདཝ་མས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་གསལ་བསྒྲགས་འབདཝ་བཞིན་དུ་ སྲིད་དོན་ཚོགས་པ་ཚུ་ སྲིད་དོན་དང་འབྲེལ་བའི་ ལས་སྣ་ཚུ་ནང་ གྲལ་གཏོགས་དང་ འབྲེལ་འཛིན་འབད་ནི་ཚུ་ལས་ འཛེམ་དགོ་པའི་ སྐུལ་ཁྱབ་འབད་ཡོདཔ་ད་ དེ་ཡང་ ང་བཅས་རའི་ མི་སེར་ཚུ་ སྲིད་འབྲེལ་དང་ སྲིད་དོན་གྱི་ འབྲེལ་བ་མེད་མི་གཉིས་ཀྱི་བར་ན་ མགུ་འཐོམ་འབྱུང་མི་བཅུག་ནི་གི་ ཐབས་ཤེས་ལུ་ཨིན་མས།

བཙག་འཐུ་ལྷན་ཚོགས་ཀྱི་ སྐུལ་ཁྱབ་དང་ ཁྱབ་བསྒྲགས་ལུ་ གུས་ཞབས་དང་ བརྩི་མཐོང་བསྐྱེད་ནི་གི་ འགན་ཁུར་དེ་ སྲིད་དོན་ཚོགས་པ་ཚུ་ལུ་ ཕོགཔ་བཞིན་དུ་ གལ་སྲིད་ ཁྱབ་བསྒྲགས་དང་འཁྲིལ་ ངོས་ལེན་མ་འབད་བ་ཅིན་ ཁོང་ལུ་ དྲན་གསལ་འབད་ནི་གི་ འགན་འཁྲི་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ཕོགཔ་ཨིན།

འབྲུག་སྤྱིར་དབང་ཚོགས་པ་དེ་ སྲིད་དོན་ཚོགས་པའི་ ཐོ་བཀོད་ནང་ལས་ ཕྱིར་བཏོན་འབད་བའི་ཤུལ་ལུ་ དེ་གི་ནངས་པ་ར་ ཚོགས་པའི་འཐུས་མི་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ མཉམ་བསྡོམས་འབད་ཡོད་པའི་ གསལ་བསྒྲགས་འབད་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པ་གིས་འབད་བ་ཅིན་ ཚོགས་པ་དེ་ ཐོ་བཀོད་ནང་ལས་ ཕྱིར་བཏོན་འབདཝ་མ་གཏོགས་ རྩ་གྲོལ་བཏང་བཏངམ་མེན་ཟེར་ཨིན་མས།

ཚོགས་པ་དེ་གིས་ ཁུངས་བསྐྱལ་དོ་བཟུམ་ སྲིད་དོན་ཚོགས་པ་སྦེ་ བཞག་པ་ཅིན་ བཙག་འཐུ་བཅའ་ཁྲིམས་དང་ བཅའ་ཡིག་ཚུ་གིས་ སྲིད་ཚོགས་གཞན་དང་ མཉམ་སྡེབ་འབད་མི་ཆོག་པས།

སྲིད་ཚོགས་དེ་ སྲིད་དོན་ཚོགས་པའི་ ཐོ་བཀོད་ནང་ལས་ ཕྱིར་བཏོན་འབད་བའི་བསྒང་ལས་ ཚོགས་པ་དེ་ ཁྲིམས་མཐུན་གྱི་གྲངས་སུ་ ཚུད་ནི་གི་ འོས་འབབ་མེདཔ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ གནད་དོན་ག་ཅི་ལུ་ གཞི་བཞག་སྟེ་ ཐོབ་བརྗོད་བཀོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས།

སྤྱི་ཟླ་༢ པའི་ཚེས་༢༨ ལུ་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཐོ་བཀོད་ཅན་གྱི་ སྲིད་དོན་ཚོགས་པ་དང་ འབྲེལ་གནད་ག་ནི་ཡང་མེད་རུང་ གནས་ཚུལ་ཞལ་འཛོམས་འཚོགསཔ་ད་ ཚོགས་པའི་ལས་རྟགས་དང་ བརྡ་བྱང་ཚུ་ ལག་ལེན་འཐབ་མི་དེ་ བཙག་འཐུ་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ལས་ འགལ་དོ་བཟུམ་མའི་ མཐོང་སྣང་བྱུང་ཡོདཔ་ད་ སྲིད་ཚོགས་དེ་ ཐོ་བཀོད་ནང་ལས་ ཕྱིར་བཏོན་འབད་ཚར་ཞིནམ་ལས་ ལས་སྣའི་རིགས་ ག་ཅི་ཡང་ འགོ་འདྲེན་འཐབ་མི་ཆོག་ནི་དང་ ཡང་ཅིན་ ལས་རྟགས་དང་ བརྡ་བྱང་ཚུ་ཡང་ གསལ་སྟོན་འབད་མི་ཆོག་ནི་ཨིན་མས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་དེ་ ཐོ་བཀོད་ནང་ལས་ ཕྱིར་བཏོན་འབད་ཚར་ཞིནམ་ལས་ ཆ་མེད་དང་ རྩ་གྲོལ་སོང་བའི་གྲངས་སུ་ བརྩི་འཇོག་འབད་མི་ལུ་བརྟེན་ མི་མང་ལུ་ སྲིད་ཚོགས་ཀྱི་ གནས་སྟངས་སྐོར་ལས་ མི་མང་ལུ་ གསལ་བསྒྲགས་འབདཝ་ཨིན་མས།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *