ཁྲིམས་ལུགས་གཅིག་མཚུངས་ བསྟར་སྤྱོད་འབད་དགོཔ།

༉ འབྲུག་རྒྱལ་ཁབ་ནང་ བཀག་དམ་ཅན་གྱི་ སྨྱོ་རྫས་ནག་ཚོང་འཐབ་ནི་དང་ འཆང་སྤྱོད་འབད་ནི་ཚུ་ བཀག་འཛིན་དང་ མར་གནོན་འབད་ནི་ལུ་ ཤུགས་ལང་པའི་བསྒང་ཡོདཔ་ཨིན།
འཕྲལ་ཁམས་ཅིག་ལས་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་ནང་ མ་ཚུད་མི་ སྨྱོ་རྫས་ཨེསི་པི་པ་ལཱསི་ (SP+) ཟེར་མི་ ནང་འདྲེན་དང་ འཆང་སྤྱོད་འབད་བའི་ གདོང་ལེན་སྦོམ་བྱུང་པའི་ ནམ་དུས་ལུ་ གནམ་གྲུ་ནང་ ལཱ་འབད་མི་དང་ མི་མང་སྐྱེལ་འདྲེན་བཱསི་བཏང་མི་ དེད་གཡོགཔ་ཚུ་གིས་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ད་ ད་ལས་ཕར་ གཞུང་འཁོར་ཚུ་ཡང་ སྨྱོ་རྫས་འབག་སྟེ་ཡོད་མེད་ ཞིབ་དཔྱད་འབད་ནི་ཨིན་མས།
འདི་བཟུམ་གདོང་ལེན་འབད་མི་དེ་ རྒྱལ་ཁབ་ནང་ སྨྱོ་རྫས་འཆང་སྤྱོད་དང་ ནག་ཚོང་འཐབ་མི་མེདཔ་ བཟོ་ནི་གི་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་པའི་ཁར་ ཧེ་མ་ལས་ར་ གདོང་ལེན་དམ་སྒྲིང་འབད་དགོཔ་ཅིག་ཨིན།
དེ་འབདཝ་ད་ བཀག་དམ་ཅན་གྱི་ སྨྱོ་རྫས་ལོག་སྤྱོད་འབད་མི་ཚུ་གི་ཐད་ལུ་ ཁྲིམས་ཀྱི་དང་ལེན་ གཅིག་མཚུངས་མེད་པར་ སོ་སོར་ཡོད་མི་དེ་གིས་ མི་མང་ལུ་ མགུ་འཐོམ་བྱུང་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་མ་ཚད་ ལ་ལོ་གིས་ དྲག་ཞན་གྱི་ ཁྱད་པར་ཕྱེ་དོ་བཟུམ་མའི་ མཐོང་སྣང་ཡང་ བྱུངམ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ཟླཝ་༢ དེ་ཅིག་གི་ཧེ་མ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་མེད་ཀྱི་ བརྟག་དཔྱད་འབད་བའི་སྐབས་ གནམ་གྲུའི་དེད་དཔོན་༢ བརྩིས་ཏེ་ གནམ་གྲུ་ནང་ ལཱ་འབད་མི་༧ ལུ་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡོད་རུང་ ཁོང་ལུ་ ཉེས་ཆད་ཟེར་རུང་ བདུན་ཕྲག་༢ དེ་ཅིག་ལས་བརྒལ་ ལཱ་གཡོག་ནང་ལས་ དགོངས་ཕོག་མ་བཏང་པས།
བདུན་ཕྲག་འདི་ནང་ ཕུན་ཚོགས་གླིང་ལུ་ བརྟག་དཔྱད་འབདཝ་ད་ བཱསི་གི་དེད་གཡོགཔ་༣ ལུ་ སྨྱོ་རྫས་ཀྱི་ སྤྱོད་ཡོད་པའི་ ངོས་འཛིན་བྱུང་པའི་ཤུལ་ལས་ དེ་འཕྲོ་ལས་ བཱསི་བཏང་ཆོག་པའི་ ཆོག་ཐམ་ཚུ་ འཕྱོག་བཟུང་འབད་ཡོདཔ་མ་ཚད་ བཱསི་གི་ཇོ་བདག་ཚུ་ལུ་ དེད་གཡོགཔ་ཚབ་བཙུགས་དགོཔ་སྦེ་སླབ་ནུག།
སྨྱོ་རྫས་ལོག་སྤྱོད་འབད་མི་ དེད་གཡོགཔ་༣ དུས་ཡུན་ཟླ་ངོ་༦ གི་རིང་ དགོངས་ཕོག་བཏང་ཡོདཔ་མ་ཚད་པར་ བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་ རང་གིས་ ཟད་འགྲོ་བཏང་ཐོག་ལས་ བསླབ་སྟོན་དང་ མི་ཚེ་བསྐྱར་གསོ་ལྟེ་བའི་ནང་ སྡོད་དགོཔ་བཞིན་དུ་ དུས་ཡུན་ཟླཝ་༦ གི་ཤུལ་ལས་ དེད་གཡོག་པའི་ ཆོག་ཐམ་དགོ་པ་ཅིན་ སྨྱོ་རྫས་འཆང་སྤྱོད་མེད་པའི་ ངོ་སྦྱོར་ཡི་གུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ལུ་ གསལ་སྟོན་འབད་དགོཔ་ཨིན་མས།
གནམ་གྲུའི་ལས་བྱེདཔ་ཚུ་གི་ཐད་ལུ་ བདུན་ཕྲག་དག་པ་ཅིག་ ངལ་གསོ་བཟུམ་སྦེ་ སྡོད་པའི་ཤུལ་ལུ་ ཉེས་ཆད་ག་ནི་ཡང་མེད་པར་ རང་འཇགས་སྦེ་ ལཱ་འབད་ནི་ འགོ་བཙུགས་མི་ལུ་ལྟཝ་ད་ ལྷན་ཁག་གཅིག་ནང་ མི་དྲག་ཞན་གྱི་ ཁྲིམས་ལུགས་གཉིས་ཡོདཔ་བཟུམ་སྦེ་ གསལ་སྟོན་འབདཝ་མས།
གནམ་གྲུའི་དེད་གཡོགཔ་ཟེར་རུང་ མི་མང་འགྲུལ་སྐྱེལ་བཱསི་གི་ དེད་གཡོགཔ་ཨིན་རུང་དྲག་ སྨྱོ་རྫས་ལོག་སྤྱོད་འབད་བ་ཅིན་ མཁའ་འགྲུལཔ་དང་ ལམ་འགྲུལཔ་ཚུ་ལུ་ ཐུག་རྐྱེན་འབྱུང་ནི་གི་ གནོད་ཉེན་ཡོདཔ་ལས་ བདག་སྐྱོང་དང་འབྲེལ་བའི་ ཁྲིམས་ཀྱི་དང་ལེན་ ཅོག་འཐདཔ་འབད་དགོཔ་བཟུམ་ཅིག་མཐོངམ་མས།
ད་རུང་ འདས་པའི་ཟླཝ་ནང་ ཁྲིམས་སྲུང་འགག་སྡེ་གིས་ ད་ལས་ཕར་ རྒྱལ་ཁབ་ནང་འཁོད་ལུ་ རྒྱུན་འགྲུལ་འཐབ་མི་ གཞུང་འཁོར་གྱི་རིགས་ཆ་མཉམ་ལུ་ སྨྱོ་རྫས་འབག་སྟེ་ཡོད་མེད་ ཞིབ་དཔྱད་རྐྱབ་དགོ་པའི་སྐོར་ བཀའ་རྒྱ་གནང་དགོཔ་སྦེ་ ནང་སྲིད་ལྷན་ཁག་ལུ་ ཡི་གུ་བྲིས་མི་དེ་ཡང་ སྨྱོ་རྫས་བཀག་ཐབས་འབད་ནི་གི་ ཐབས་ལམ་ལེགས་ཤོམ་ཅིག་ཨིནམ་བཞིན་དུ་ དེ་ལུ་ མི་མང་གིས་ ལེགས་པའི་ངོས་ལེན་དང་ རྒྱབ་སྐྱོར་འབད་བའི་ མངོན་གསལ་བྱུངམ་མས།
འདི་འབདཝ་ད་ གཞུང་འཁོར་ཚུ་ལུ་ ཞིབ་དཔྱད་རྐྱབ་ད་ བཀག་དམ་ཅན་གྱི་ སྨྱོ་རྫས་འབག་སྟེ་ཡོདཔ་ མཐོང་པ་ཅིན་ གནམ་གྲུའི་ལཱ་འབད་མི་དང་ བཱསི་གི་དེད་གཡོགཔ་བཟུམ་སྦེ་ ཁྲིམས་གཅིག་མཚུངས་སྦེ་ བསྟར་སྤྱོད་མི་འབད་ནི་གི་ འོས་འབབ་ཡོད་མི་དེ་ཡང་ གཞུང་འཁོར་བཏང་མི་དེ་ ཏོག་གོ་ས་ཡོད་མི་ཅིག་ཨིན་པ་ཅིན་ ངོས་ལེན་དམ་སྒྲིང་མེད་པར་ གཏང་ནི་དང་ སྤྱིར་བཏང་དེད་གཡོགཔ་ཨིན་པ་ཅིན་ དེ་འཕྲོ་ལས་ དེད་གཡོག་པའི་ ཆོག་ཐམ་མཚམས་འཇོག་འབད་ནི་དང་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་ནི་གི་ ཉེན་ཁ་ཡོདཔ་ཨིན།
ང་བཅས་ཀྱིས་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་མི་ཚུ་ མར་གནོན་ཐོག་ རྩ་མེད་བཟོ་དགོ་པ་ཅིན་ མི་སྡེ་ག་ར་གིས་ མཉམ་འབྲེལ་འབད་ནི་དང་ ནང་འདྲེན་འབད་སའི་ ས་གོ་ནང་ལས་ར་ སྔོན་འགོག་འབད་དགོཔ་མ་ཚད་ ཚུལ་མིན་འཐབ་མི་ཚུ་ལུ་ དྲག་ཞན་གྱི་ དབྱེ་བ་མ་ཕྱེ་བར་ ཉེས་བྱ་དང་ ཉེས་ཁྲིམས་ཡངས་ཆག་མེད་པར་ བཀལ་བ་ཅིན་ སྨྱོ་རྫས་འཆང་སྤྱོད་འབད་མི་དང་ ནག་ཚོང་འཐབ་མི་ཚུ་ རང་བཞིན་གྱིས་ར་ མར་འབབ་འགྱོ་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *