ཁྲིམས་འགལ་ཨིན་པ་ཅིན་ གྲོས་ཐག་བཅད་ཚར་མི་ལུ་ ཐུགས་བཞེད་ལོག་གནང་དགོཔ།

༉ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ གཞལམ་སྒང་དེ་ དམིགས་བསལ་ལས་རིམ་གྲངས་སུ་བཙུགས་ཐོག་ལས་ སྤྱི་ཚོགས་ཀྱིས་ འཆར་དངུལ་ཡང་ ཆ་འཇོག་གྲུབ་ཚར་བའི་ཤུལ་ལས་ གཞུང་གིས་ བསྒྱུར་བཅོས་འབད་དེ་ གསར་སྤང་རྫོང་ཁག་ལུ་ སྤོ་སོར་འབད་ཞིནམ་ལས་ཚུར་ རྩོད་རྙོགས་ཅན་གྱི་ གནད་དོན་ཅིག་ལུ་གྱུར་ཡོདཔ་ཨིན།
གཞུང་གིས་ ལྟ་བཤལ་གཙོ་རིམ་ལས་རིམ་ནང་ གཞལམ་སྒང་གི་ཚབ་ལུ་ གསར་སྤང་རྫོང་ཁག་བཙུགས་པའི་ཤུལ་ལས་ ལྡོག་ཕྱོགས་ཚོགས་པ་གིས་ སྲིད་དོན་ལུ་བརྟེན་ བསྒྱུར་བཅོས་འབད་ནུག་ཟེར་ སྐྱོན་བརྗོད་འབད་ཡོདཔ་ད་ ད་རེས་འབདཝ་ད་ འབྲུག་གི་བསྐྱར་ཞིབ་ཚོགས་ཁང་ རྒྱལ་ཡོངས་ཚོགས་སྡེ་གིས་ དེ་བཟུམ་མའི་ གྲོས་ཆོད་སོར་བསྒྱུར་འབད་མི་དེ་ ཁྲིམས་དང་མ་མཐུན་པའི་ མཛད་བྱ་ཨིནམ་ལས་ གྲོས་ཆོད་དེ་ བསྐྱར་ཞིབ་འབད་དགོཔ་སྦེ་ གཞུང་ལུ་ ཡི་གུ་བྲིས་ནུག།
ལྡོག་ཕྱོགས་ཚོགས་པའི་ འགན་ཁུར་དེ་ར་ གཞུང་ལུ་ ལྡོག་ཕྱོགས་འབད་ནི་དང་ འཐུས་ཤོར་བྱུངམ་ད་ སྐྱོན་བརྗོད་དང་ དྲན་གསོ་འབད་ནི་དེ་ཨིན་རུང་ ད་རེས་ རྒྱལ་ཡོངས་ཚོགས་སྡེའི་ཧོངས་ལས་ གཞུང་གིས་ ཁྲིམས་དང་འབྲེལ་བའི་ གནད་དོན་ནང་ འཛོལ་བ་བཟོ་ནུག་ཟེར་ སླབ་མི་དེ་ འོས་ཁུངས་སྦོམ་ཡོད་མི་དེ་ཡང་ སྤྱི་ཚོགས་ནང་ ཆ་འཇོག་གྲུབ་མི་ འཆར་དངུལ་དཔྱ་བགོ་དེ་ ཆ་འཇོག་གྲུབ་ཚར་རུང་ གཞུང་གིས་ དེ་ལུ་བརྩི་མཐོང་མེད་པར་ བསྒྱུར་བཅོས་འབད་ཡོད་མི་ལུ་བརྟེན་ཨིན།
རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ རྒྱལ་ཡོངས་འཆར་དངུལ་སྙན་ཞུ་༢༠༡༩-༢༠ ཅན་མ་ ཆ་འཇོག་གྲུབ་མིའི་ནང་ གཞལམ་སྒང་དང་ ལྷུན་རྩེ་ དར་དཀར་ནང་ དེ་ལས་ མགར་ས་རྫོང་ཁག་ཚུ་ནང་ དམིགས་བསལ་གྱི་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ བགོ་བཀྲམ་འབད་མི་དེ་ རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ རྒྱབ་སྣོན་ཆ་འཇོག་འབད་ནུག།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ རྒྱལ་ཡོངས་འཆར་དངུལ་སྙན་ཞུ་ རྩིས་ལོ་༢༠༡༩-༢༠ ཅན་མ་དེ་ ལས་སྣ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལས་ ཁྲིམས་མཐུན་སྦེ་ ཆ་འཇོག་གྲུབ་ཡོདཔ་ལས་ གཞུང་གིས་ མ་དངུལ་བགོ་བཀྲམ་དང་འཁྲིལ་ཏེ་ ལས་རིམ་དང་ ལས་སྣ་ཚུ་ ལག་ལེན་འཐབ་དགོཔ་ལས་ གཞལམ་སྒང་ལས་ གསར་སྤང་ལུ་ བསྒྱུར་བཅོས་འབད་ནི་དེ་ ཁྲིམས་མཐུན་མེན་ཟེར་ཨིན་མས།
གཞལམ་སྒང་གི་ཚབ་ལུ་ གསར་སྤང་རྫོང་ཁག་དེ་ ལྟ་བཤལ་གོང་འཕེལ་གཏང་ནི་གི་ གཙོ་རིམ་རྫོང་ཁག་༤ གི་ གྲངས་སུ་བཙུགས་མི་དེ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་མི་ རྩིས་ལོ་༢༠༡༩-༢༠ གི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་༢༠༡༩-༢༠ གི་ རྒྱལ་ཡོངས་འཆར་དངུལ་ལས་ འགལ་བ་ཨིནམ་སྦེ་ ཡི་གུའི་ནང་བཀོད་ནུག།
མ་གཞི་ གཞུང་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་བཅའ་ཁྲིམས་དང་ རྩ་ཁྲིམས་ཆེན་མོ་ དེ་ལས་ དམངས་རྩིས་བཅའ་ཁྲིམས་ཚུ་གིས་ རྒྱལ་ཁབ་ཀྱི་ འཆར་གཞི་དང་ ལས་རིམ་ཚུ་ ཐག་བཅད་ནི་དེ་ གཞུང་སྐྱོང་ལུ་ དབང་ཆ་གནང་སྟེ་ཡོདཔ་ལས་ དེ་དང་འཁྲིལ་ བསྒྱུར་བཅོས་འབད་འབདཝ་ཨིན་ཟེར་ཨིན་མས།
རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༤ པའི་དོན་ཚན་༡༠ པའི་ནང་ འཆར་དངུལ་ནང་མ་ཚུདཔ་ ཡང་ན་ འཆར་དངུལ་དཔྱ་བགོ་ལས་ལྷག་པའི་ ཟད་འགྲོ་གང་རུང་ཅིག་དང་ འཆར་དངུལ་གྱི་ ཆ་ཤས་གཅིག་ལས་གཞན་ལུ་ མ་དངུལ་སྤོ་སོར་འབད་ནི་དེ་ཡང་ ཁྲིམས་དང་འཁྲིལ་དགོཔ་བཞིན་དུ་ དམངས་རྩིས་བཅའ་ཁྲིམས་ཀྱི་ དོན་ཚན་༡༠ པ་དང་འཁྲིལ་རུང་ རྒྱལ་ཁམས་ཀྱི་ དགོས་མཁོའི་དོན་ལུ་ དངུལ་གྱི་དཔྱ་བགོ་ སྤྲོད་བཞག་དེ་ སྤྱི་ཚོགས་ཀྱིས་ མཛད་དགོ་ཟེར་ འཁོད་ཡོད་མི་ལུ་ བལྟ་བ་ཅིན་ ལྟ་བཤལ་གོང་འཕེལ་གཏང་ནིའི་ གཙོ་རིམ་བསྒྱུར་བཅོས་འབད་མི་དེ་ ཁྲིམས་འགལ་ཨིན་པའི་ གསལ་སྟོན་འབདཝ་མས།
རྒྱུ་མཚན་དེ་ལུ་བརྟེན་ གཞུང་གིས་ སྤྱི་ཚོགས་ལས་ ཆ་འཇོག་གྲུབ་ཚར་མི་ འཆར་དངུལ་སྙན་ཞུ་དང་ མ་དངུལ་བགོ་བཀྲམ་འབད་མི་ཚུ་ལུ་ བརྩི་མཐོང་བསྐྱེད་དགོཔ་འདུག།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *