ཁྲིམས་བཟོ་དང་ དྲང་ཁྲིམས་ལྷན་སྡེའི་འགན་ཁུར?

༉ དམངས་གཙོའི་གཞུང་ལུགས་ནང་ ལྷན་སྡེ་ཁག་གསུམ་ཡོད་མིའི་གྲས་ལས་ ཁྲིམས་བཟོ་ལྷན་སྡེ་དེ་ སྤྱི་ཚོགས་ཨིནམ་ལས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ འཕྲལ་ཕུགས་གཉིས་ཆ་རའི་ དཔྱད་ཡིག་ཟིན་འགོད་འབད་མི་ཚུ་ གྲོས་བསྡུར་ཐོག་ བཅའ་ཁྲིམས་ལུ་ བསྒྱུར་བཅོས་གནང་མི་ ལྷན་སྡེ་ཅིག་ཨིནམ་ མང་ཤོས་ཅིག་ལུ་ ཤེས་རྟོགས་ཡོདཔ་ཨིན།
སྤྱི་ཚོགས་ལས་ ཆ་འཇོག་གྲུབ་མི་ བཅའ་ཁྲིམས་དང་ ཁྲིམས་ཀྱི་རིགས་ཚུ་ བསྟར་སྤྱོད་དང་ དེ་ཚུ་གི་ དོན་འགྲེལ་འབད་མི་དེ་ དྲང་ཁྲིམས་ལྷན་སྡེ་ཨིནམ་བཞིན་དུ་ ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ཏེ་ འགན་འཁྲི་འགྲུབ་པའི་སྐབས་ བློ་གཏད་དང་ ཡིད་ཆེས་ཀྱི་ བསྐུལ་མ་དང་ དྲང་ཁྲིམས་སྨིན་ཐབས་འཕེལ་རྒྱས་གཏང་ནི་ལུ་ འཇིགས་སྣང་ ཡང་ཅིན་ མཐུན་འགྱུར་ འོས་མེད་བསྣར་འགྱངས་མེད་པར་ དྲང་སྙོམས་དང་ རང་དབང་གི་ བདག་སྐྱོང་ཐོག་ལས་ དྲང་ཁྲིམས་ཀྱི་ ཉེན་སྲུང་དང་ བརྩི་བཀུར་ཞུ་དགོཔ་ཨིན་མས།
ཨིན་རུང་ འདས་པའི་ལོ་ངོ་དག་པ་ཅིག་ལས་ སྤྱིར་བཏང་གི་ སྣང་བ་ལུ་ དྲང་ཁྲིམས་ལྷན་སྡེ་གིས་ སྤྱི་ཚོགས་ལས་ ཆ་གནས་གྲུབ་པའི་བཅའ་ཁྲིམས་ དཔེར་ན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ལ་སོགས་པའི་ དགོངས་དོན་ལ་ལོ་ འཕྲི་སྣོན་དང་ ཡང་ཅིན་ ཁ་སྐོང་བཙུགས་ནི་ ཡང་ཅིན་ ནུས་མེད་དང་ བདེན་སྟོང་ཨིན་པའི་ བཀའ་རྒྱ་བཏོན་ཐོག་ལས་ ཁྲིམས་བཟོའི་འགན་འཁྲི་ འབག་དོ་བཟུམ་མའི་ མཐོང་སྣང་བྱུང་ཡི།
དཔེར་ན་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་(འཕྲི་སྣོན་༢༠༡༡) ཅན་མའི་དོན་ཚན་༡༩༩.༨ (ཀ) པ་གློད་གྲོལ་མ་རུང་བའི་ གནོད་འགེལ་གྱི་དགོངས་དོན་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ རྒྱབ་འགལ་ཨིན་པའི་ བཀའ་རྒྱ་བཏོན་ཐོག་ལས་ ནུས་མེད་དང་ བདེན་སྟོང་ངམ་ ཆ་མེད་བཏང་ནུག།
ད་རུང་ ན་ཧིང་ སྤྱི་ཟླ་༩ པའི་ནང་ གནས་སྐབས་གཞུང་གི་ གནས་ཡུན་སྐབས་ མངོན་མཐོ་ཁྲིམས་འདུན་གྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༤༣༢ པའི་ནང་ ཁྲིམས་ཡིག་ཁ་སྐོང་ དོན་ཚན་(ག) པ་ ཚེ་འདས་ཀྱི་ཕུང་པོར་ ཉམས་ཆག་ཤོར་བའམ་ ཟ་སྤྱོད་འབད་བ་སོགས་ གནོད་འགེལ་གྱི་གྲངས་སུ་ཨིན་རུང་ གཡུས་ཚན་རང་སོའི་ལུང་པའི་ སྲོལ་ཡོད་ན་ ཁྲིམས་དེའི་འོག་ལུ་མི་བསྡུ་ཟེར་བཙུགས་ནུག།
དེ་བཟུམ་སྦེ་ ད་ལྟོའི་འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༤༣༣ པོ་དེ་ དོན་ཚན་༤༣༣ པའི་ཀ་པ་སྦེ་ བཞག་ནི་དང་ དོན་ཚན་ཁ་པ་ ཁྲིམས་ཡིག་ཁ་སྐོང་གི་ ཚིག་དོན་དེ་ཡང་ ཚེ་འདས་ཀྱི་ཕུང་པོར་ ཉམས་ཆག་ཤོར་བའམ་ ཟ་སྤྱོད་འབད་བའི་གནོད་འགེལ་སོགས་ ཉེས་ཕྲའི་ཉེས་ཁྲིམས་སྨིན་དགོ་ཟེར་ཆེད་དུ་བཀོད་གནང་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་སོ་ནུག།
འདི་འབདཝ་ལས་ ཁྲིམས་ལག་ལེན་འཐབ་མི་དང་ ཁྲིམས་དོན་མཁས་མཆོག་ཚུ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ ཁྲིམས་ཀྱི་དགོངས་དོན་ཚུ་ འཕྲི་སྣོན་དང་ ཆ་མེད་གཏང་ནི་ ཁ་སྐོང་བཙུགས་ནི་གི་ དབང་ཚད་ཡོདཔ་ཨིན་ན་ཟེར་ དྲི་བཀོད་འབད་མི་དེ་ཡང་ ཁྲིམས་འཕྲི་སྣོན་དང་ བསྒྱུར་བཅོས་ ཁ་སྐོང་ལ་སོགས་པ་ བཙུགས་ནི་གི་ དབང་ཚད་དེ་ སྤྱི་ཚོགས་རྐྱངམ་གཅིག་ལུ་ ཡོད་ནི་དེ་གིས་ཨིནམ་ད་ ལ་ལོ་གིས་ མངོན་མཐོ་ཁྲིམས་འདུན་གྱིས་ ཁྲིམས་བཟོའི་དབང་ཚད་ནང་ ཧམ་འཛུལ་འབདཝ་མས་ཟེར་ སྐྱོན་བརྗོད་ཡང་འབདཝ་ཨིན་མས།
འཛིན་སྐྱོང་ལྷན་སྡེ་དང་ ཁྲིམས་བཟོ་ལྷན་སྡེ་ དྲང་ཁྲིམས་ལྷན་སྡེའི་ རང་དབང་ཐ་དད་ཨིནམ་ལས་ རྩ་ཁྲིམས་ཆེན་མོའི་ནང་བཀོད་པའི་ ཁྱབ་ཚད་ཚུན་མ་གཏོགས་ གཅིག་གི་དབང་ཚད་ནང་ གཅིག་གིས་ཧམ་འཛུལ་འབད་མི་ཆོག་ཟེར་ རྩ་ཁྲིམས་ཆེན་མོའི་ནང་ གསལ་རིལ་རི་སྦེ་ འཁོད་དེ་འདུག།
མངོན་མཐོ་ཁྲིམས་འདུན་འདི་ རྒྱལ་ཁམས་ཀྱི་ མངོན་པར་མཐོ་བའི་ཁྲིམས་ཨིན་མི་ རྩ་ཁྲིམས་ཆེན་མོའི་ གཞི་འཛིན་དང་ དེའི་དོན་འགྲེལ་མཐའ་གཅོད་ཀྱི་ དབང་འཛིན་ཨིནམ་ལས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ཚུ་དང་མ་འཁྲིལ་བར་ ཕྱག་ལཱ་མཛད་པ་ཅིན་ དྲང་ཁྲིམས་ལྷན་སྡེ་དེ་ མི་མང་ལས་ ཧེང་སྐལ་ར་ བློ་གཏད་དང་ ཡིད་ཆེས་མེདཔ་འགྱོ་ནི་གི་ ཉེན་ཁ་སྦོམ་ཡོད།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *