ཨུ་ད་ཡ་ ན་ར་ཡཱན།

ཁྲིམས་དོན་ངོ་ཚབ་བགྲེསཔ་ཅིག་གིས་ རྩི་རང་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ཐོན་ཡོདཔ།

༉ ཁྲིམས་དོན་འགོ་དཔོན་བགྲེསཔ་ ཨུ་ད་ཡ་ ན་ར་ཡཱན་གྱིས་ རྩི་རང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་ནུག།

མཎྜལ་སྒང་རྒེད་འོག་ལས་ དང་འདོད་ཅན་གྱི་ འདེམས་ངོ་༢ ཐོན་ཡོདཔ་ལས་ འདེམས་ངོ་དེ་གིས་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་ ར་མིཤ་ཆེ་ཏི་རི་ བཱན་ད་རི་དང་ དོ་འགྲན་འབད་ནི་ཨིནམ་ད་ ཨུ་ད་ཡ་ ན་ར་ཡཱན་གྱིས་ ལོ་༣༠ གི་ཧེ་མར་ རྒྱ་གར་ སམ་པུར་ནན་ སའི་ཀི་རིཊ་གཙུག་ལག་སློབ་སྡེ་ལས་ ལམ་སྲོལ་ཤེས་ཡོན་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ནུག།
དེ་གི་ཤུལ་ལས་ འདེམས་ངོ་གིས་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ལོ་༡༣ གྱི་རིང་ ཁྲིམས་དོན་ངོ་ཚབ་སྦེ་ ལཱ་འབད་བའི་ཤུལ་ལས་ ཚོང་ལཱ་འགོ་བཙུགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྩི་རང་རྫོང་ཁག་ནང་ དགོས་མཁོ་ཅན་གྱི་ མི་ཚུ་ལུ་ མི་སྡེ་དང་འབྲེལ་བའི་ ལཱ་འབད་ཡི་ཟེར་ཨིན་པས།
ཨ་ལོ་༢ ཀྱི་ཨ་པ་ ཨུ་ད་ཡ་ ན་ར་ཡཱན་གྱིས་ སླབ་མིའི་ནང་ ཁོ་ར་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམངས་གཙོའི་རིང་ལུགས་དེ་ གསོལ་རས་སྦེ་ གནང་མི་ལུ་ ངོས་ལེན་དང་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ལུ་དམིགས་ཏེ་ཨིནམ་མ་ཚད་ མི་སེར་ཚུ་ལུ་ གདམ་ཁ་བྱིན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འདེམས་ངོ་ཁོ་ར་ སྐྱེས་ས་སྦོམ་ས་ རྩི་རང་ལུ་ཨིནམ་ལས་ མི་སེར་དང་ དགོས་མཁོ་ཚུ་ ཤེས་རྟོགས་བྱུང་སྟེ་ཡོདཔ་མ་ཚད་ འདེམས་ངོ་གིས་ རྫོང་ཁག་ནང་ཡང་ ལཱ་འབད་ཡོདཔ་ལས་ རྫོང་ཁག་ནང་ ལེགས་བསྒྱུར་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཟེར་ཨིན་པས།
ད་རེས་ནངས་པར་ མཐའ་ཟུར་གྱི་ མི་ཚུ་གིས་ ཁྲིམས་ཀྱི་སྐོར་ལས་ མ་ཤེས་མི་ལུ་བརྟེན་ དཀའ་ངལ་བྱུང་དོ་ཡོདཔ་ལས་ གལ་སྲིད་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་ཚུ་ལུ་ ད་ལྟོའི་ ཁྲིམས་ཀྱི་སྐོར་ལས་ ཧ་གོ་ཚུགསཔ་བཟོ་ནི་མ་ཚད་ མི་ཚུ་གི་མནོ་ལུགས་ཡང་ བསྒྱུར་བཅོས་འབད་ནི་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དེ་ལས་ འདེམས་ངོ་གིས་ མི་སེར་དང་ གཞུང་གི་བར་ན་ ཟམ་བཟུམ་ཅིག་སྦེ་ ཕྱག་ཞུ་ནི་དང་ མི་ཚུ་གི་དགོས་མཁོ་ལུ་ གཙོ་རིམ་བཟུང་ནི་ དེ་ལས་ གཞན་གྱིས་ བསམ་འཆར་བཀོད་མི་ཚུ་ལུ་ ངོས་ལེན་འབད་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

 

 

 

 

 

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *