ཡེ་ཤེས་ལྷུན་གྲུབ།

ཁྲིམས་དོན་གྲོས་སྟོན་པ་ཅིག་གིས་ མོང་སྒར་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནི།

༉ ཁྲིམས་ཀྱི་ཤེས་ཡོན་ཡོད་མི་ ཁྲིམས་དོན་གྲོས་སྟོན་པ་ཅིག་གིས་ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་དོན་ལུ་ དོ་འགྲན་འབད་མི་དེ་ཡང་ མི་སེར་ཚུ་གིས་ ལྕོགས་གྲུབ་ཅན་གྱི་འདེམས་ངོ་ བཙག་འཐུ་འབད་ཐབས་ལུ་ཨིན་པས།
སྐྱེངས་མཁར་རྒེད་འོག་ གདུང་སྨན་མ་གཡུས་ལས་ སྐྱེས་ལོ་༣༢ ལང་མི་ ཡེ་ཤེས་ལྷུན་གྲུབ་ཀྱིས་ ལོ་༥ འི་རིང་ རྒྱ་གར་གྱི་ ཁྲིམས་དོན་མཐོ་རིམ་སློབ་གྲྭ་ལས་ ཤེས་ཡོན་མཐར་འཁྱོལ་ཞིནམ་ལས་ འབྲུག་རྒྱལ་གཞུང་གཙུག་ལག་སློབ་སྡེ་ནང་ ལོ་༡ གི་རིང་སྦྱོང་བརྡར་འབད་བའི་ཤུལ་ལུ་ ད་རེས་ནངས་པར་ ཐིམ་ཕུག་ཁྲོམ་ནང་ ཁྲིམས་དོན་ཡིག་ཚང་ཅིག་ སྒོ་ཕྱེས་ཏེ་ ཞབས་ཏོག་བྱིན་སྡོད་དོ་ཡོདཔ་ཨིན་པས།
ཁྲིམས་དོན་ཡིག་ཚང་ལས་ མི་སེར་གྱི་ཞབས་ཏོག་ཚུ་ཡང་ ལེ་ཤ་ཕུལ་མི་ལས་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་ནི་དང་ ཁྲིམས་ལུགས་དང་བཅའ་ཡིག་ སྒྲིག་གཞི་ཚུ་ གོ་བརྡ་སྤྲེལ་ནི་ དེ་ལས་ ཁྲིམས་ཀྱི་གྲོས་སྟོན་པ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ཁོ་རའི་ཡིག་ཚང་ནང་ ཁྲིམས་དོན་འགོ་དཔོན་༣ ཡོདཔ་ཨིན་པས།
འདེམས་ངོ་གི་དོན་ལུ་ བཅའ་མར་གཏོགས་དགོ་མི་དེ་ཡང་ དམངས་གཙོ་རིང་ལུགས་ནང་ རྩ་བ་༣ ལུ་ ཕྱག་གང་དྲག་ཞུ་ཚུགས་མི་དང་ ཁྲིམས་ལུགས་ལུ་བརྟེན་ རྒྱལ་ཁབ་ཞི་བདེ་དང་ རང་བཙན་ཐོག་ གནས་ཚུགས་ནི་ཨིནམ་ལས་ མི་སེར་ཚུ་གིས་ འདེམས་ངོ་ལེ་ཤ་གི་སྦུག་ལས་ ལྕོགས་གྲུབ་ཅན་གྱི་ མི་ངོམ་གདམ་འཐུ་འབད་བཅུག་ནིའི་དོན་ལུ་ཨིན་ཟེར་ ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་ཨིན་པས།
གལ་སྲིད་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་བཙག་འཐུ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གི་ འགན་ཁུར་གྱི་གཞི་རྩ་ ཁྲིམས་བསྐྱར་ཞིབ་འབད་ནི་དེ་ཨིནམ་ལས་ མོང་སྒར་རྫོང་ཁག་གི་ མི་སེར་ཚུ་ལུ་ གོ་སྐབས་སྤྲོད་དོ་ཟེར་ ཨིན་པས།
ཤེས་ཚད་དང་ཉམས་མྱོང་ཡང་ ཁྲིམས་དོན་ནང་ཨིནམ་མ་ཚད་ སྤྱི་ལོ་༢༠༡༣ ལུ་ ཁྲིམས་དོན་མཐོ་རིམ་སློབ་གྲྭ་ནང་ ལོ་༥ འི་རིང་ སྦྱོང་བརྡར་འབད་བའི་ཤུལ་ལུ་ ཁྲིམས་དོན་ཡིག་ཚང་གཞི་བཙུགས་འབད་དེ་ གཞུང་དང་མི་སེར་ལུ་ ཞབས་ཏོག་བྱིན་པའི་སྐབས་ མི་སེར་ལུ་ ཕན་ཐོགས་མེད་པའི་བཅའ་ཁྲིམས་ཚུ་ཡང་ འཕྲི་སྣོན་འབད་དགོཔ་མཇལ་ཡི་ཟེར་ ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་ཨིན་པས།
དེ་འབདཝ་ལས་ བཅའ་ཁྲིམས་ཚུ་ འཕྲི་སྣོན་མཛད་ནི་དེ་ མི་སེར་སྤྱིར་བཏང་གིས་ འབད་མི་ཚུགས་ནི་ཨིན་རུང་ ཧེ་མ་ལས་ ཉམས་མྱོང་དང་ ཤེས་ཚད་ཅན་ཚུ་གིས་ འབད་ཚུགས་ནི་ཨིནམ་བཞིན་དུ་ ཁྲིམས་ལུགས་ག་ཅི་ཨིན་རུང་ བསྐྱར་ཞིབ་འབད་དེ་ འཕྲི་སྣོན་འབད་མ་ཚུགསཔ་ཅིག་ མ་མཐོང་ཟེར་ བཤདཔ་ཨིན་པས།
གལ་སྲིད་འདེམས་ངོ་སྦེ་ རྫོང་ཁག་ལས་ བཙག་འཐུ་འགྲུབ་པ་ཅིན་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ཕྱག་ལཱ་གནང་ནི་ལུ་ མཐར་འཁྱོལ་འབྱུང་མ་ཚུགས་པར་ ལུས་མི་ཚུ་ ད་རེས་ མི་སེར་ཚུ་དང་ཕྱད་ཞིནམ་ལས་ བཅའ་ཁྲིམས་དང་ ཁྲིམས་ཡིག་ཕན་གནོད་ཚུ་གི་སྐོར་ གྲོས་འཛོམས་འཚོགས་ཏེ་ སྤྱི་ཚོགས་ལྷན་བཞུགས་ནང་ གྲོས་བསྡུར་གནང་ཐོག་ ལེགས་བཅོས་དང་ འཕྲི་སྣོན་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།
ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཡིག་ཚང་དང་ གྲོས་སྟོན་པ་སྦེ་ ལཱ་འབད་བའི་སྐབས་ བཅའ་ཁྲིམས་ལག་ལེན་འཐབ་ནི་ལུ་ བྱ་སྟབས་མ་བདེ་བའི་གྲས་ལས་ དབང་བཙོང་ལུས་འབྲེལ་གྱི་ཁྲིམས་དང་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་༢༠༡༥ ཅན་མ་ཚུ་ འཕྲི་སྣོན་འབད་དགོཔ་ཡོད་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *