ཁྲིམས་ཀྱི་སྟེགས་གསོའི་ ཞབས་ཏོག་སྐོར་ ཚོགས་སྡེ་གིས་ གཞུང་ལུ་ ཡང་བསྐྱར་དྲི་བཀོད་འབད་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ ཁྲིམས་ཀྱི་སྟེགས་གསོའི་ཞབས་ཏོག་དང་ ཐོན་ཁུངས་མེད་པའི་ མི་ངོམ་ཚུ་ལུ་ ཁྲིམས་ཀྱི་སྟེགས་གསོ་ཕུལ་དགོ་པའི་གྲོས་འདེབས་ གཞུང་ལུ་ ཕུལ་ཡོད་རུང་ ལན་གསལ་མ་ཐོབ་མི་ལུ་བརྟེན་ འཐུས་མི་ཚུ་གིས་ ཚོགས་སྡེ་ལུ་ གུས་བཀུར་མེད་མི་དང་ གཞུང་ལུ་ དྲི་བ་སྣ་ཚོགས་བཀོད་ཐོག་ལས་ གྲོས་བསྡུར་འབད་ཡི།
དེ་འབདཝ་ལས་ བསྐྱར་ཞིབ་ཚོགས་ཁང་གིས་ བློན་ཆེན་ལུ་ ཡིག་ཐོག་ལུ་ དྲི་བ་ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།
ཚོགས་སྡེའི་ཁྲི་འཛིན་འོགམ་ འཇིགས་མེ་དབང་ཕྱུག་གིས་ ཞུ་མིའི་ནང་ ཁྲིམས་ཀྱི་སྟེགས་གསོ་ ཕུལ་དགོ་པའི་སྐོར་ལས་ འདས་པའི་ཚོགས་ཐེངས་ནང་ འཆར་དངུལ་གྱི་ གྲོས་བསྡུར་འབདཝ་ད་ གཞུང་གིས་ དེ་གི་དོན་ལུ་ འཆར་དངུལ་སྐལ་བཞག་འབད་ཡོད་རུང་ ལག་ལེན་མ་འཐབ་པར་ བཞག་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
ཐོན་ཁུངས་མེད་པའི་ མི་ངོམ་ཚུ་ཡང་ ཁྲིམས་བཟོ་ཚོགས་ཆུང་དང་འཁྲིལཝ་ད་ མི་སྤྱང་ཀ་དང་ རྒྱབ་སྐྱོར་མེད་མི་ དགོས་མཁོ་ཅན་ དེ་ལས་ རྩོད་གཞི་རེ་ ཕྱེ་བའི་སྐབས་ ཁྲིམས་དོན་གྱི་ ཞབས་ཏོག་ལེན་ནི་ ལཱ་ཁག་གཏང་མི་ཚུ་ལུ་གོཝ་ཨིན་པས།
ཁྲི་འཛིན་འོགམ་གིས་འབད་བ་ཅིན་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ གྲོས་ཆོད་དོན་ཚན་༨ ཀྱི་ཐོག་ལས་ བློན་ཆེན་ལུ་ ཕུལ་བའི་ཤུལ་ལས་ དྲན་གསོ་ཡང་ མང་རབས་ཅིག་འབད་ཡོད་རུང་ གཞུང་ལས་ གཞུང་འབྲེལ་ཐོག་ལུ་ ལན་མ་ཐོབ་མི་དེ་ཡང་ གཞུང་གི་གནས་ཡུན་ ཚང་ནི་གུ་ ལྷོད་མི་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ མདོ་ཆེན་མེད་མི་ལུ་བརྟེན་ཨིནམ་སྦེ་ ཧ་གོ་ཡི་ཟེར་ཨིནམ་ད་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནད་དོན་གྱི་དོན་ལུ་ ལམ་སྟོན་ཅིག་ བཟོ་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཞུ་ཡི།
ཧཱ་གི་འཐུས་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ གཞུང་གིས་ ལན་ག་ཅི་ལུ་བརྟེན མ་བྱིནམ་ཨིན་ན་ ཧ་ལས་ཅི་ཟེར་ ཞུ་བའི་ཁར་ ཐོན་ཁུངས་མེད་པའི་ མི་ངོམ་ཚུ་ལུ་ ཁྲིམས་ཀྱི་སྟེགས་གསོའི་ ཞབས་ཏོག་བྱིན་དགོཔ་ ཁག་ཆེཝ་མ་ཚད་ དྲང་བདེན་ཐོབ་ནི་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ཟེར་ཞུ་ཡི།
ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་གྱིས་ ཞུ་མིའི་ནང་ གཞུང་གིས་ ལན་ཕུལ་མ་ཚུགས་མི་ལུ་ བསམ་པ་མ་རྫོགསཔ་མ་ཚད་ ཐོན་ཁུངས་མེད་པའི་ མི་ངོམ་ཚུ་ལུ་ ཁྲིམས་ཀྱི་སྟེགས་གསོ་ ཕུལ་དགོཔ་སྦེ་ རྩ་ཁྲིམས་ཆེན་མའི་ རྩ་ཚན་༩ པའི་རྩ་དོན་༦ པའི་ནང་ གསལ་ཏོག་ཏོ་སྦེ་ འཁོད་དེ་འདུག་ཟེར་ཨིན་པས།
ཚོགས་སྡེ་གིས་ གནད་དོན་དེ་གི་སྐོར་ ཟླཝ་༥ ལྷགཔ་ཅིག་གི་རིང་ གྲོས་བསྡུར་འབད་བའི་ཤུལ་ལས་ གཞུང་གིས་ ལན་ཕུལ་ནི་མེད་མི་ལུ་ བལྟ་བ་ཅིན་ ཚོགས་ཁང་༢ ཀྱི་བར་ན་ གུས་ཞབས་མེད་པའི་ བརྡ་འཚོན་སྟོནམ་མ་ཚད་ གཞུང་ལུ་ དགག་བཤེར་དང་ ཚད་མཉམ་གྱི་སྒོ་ལས་ ཕྱག་ཞུ་ནིའི་ འགན་ཁུར་དེ་ ཚོགས་སྡེ་ལུ་ ཕོགཔ་ཨིན་ཟེར་ཁོ་གིས་ ཞུ་ཡི།
གནད་དོན་དེ་ བདག་མེད་སྦེ་ མ་བཞག་པར་ ཚོགས་སྡེ་གིས་ བློན་ཆེན་ལུ་ ངག་ཐོག་ ཡང་ཅིན་ ཡིག་ཐོག་ལུ་ ལན་གནང་དགོཔ་སྦེ་ བཟོ་དགོཔ་འདུག་ཟེར་ཨིན་པས།
བུམ་ཐང་གི་འཐུས་མི་ ཉི་མ་གིས་ ཞུ་མིའི་ནང་ ཚོགས་སྡེ་གིས་ ཞབས་ཏོག་གི་ བྱ་རིམ་རྐྱངམ་གཅིག་ བལྟ་ནི་མེན་པར་ གྲོས་ཆོད་དེ་ གཞུང་ལུ་ མ་ཕུལ་བའི་ཧེ་མ་ རྒྱལ་སྤྱིའི་ལག་ལེན་ཡང་ བརྟག་ཞིབ་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ འདེམས་ཁོངས་ཚུ་ནང་ ལྟ་སྐོར་འགྱོ་བའི་སྐབས་ ཞབས་ཏོག་དེ་གི་སྐོར་ མི་ཚུ་ལུ་ བརྡ་སྤྲོད་པའི་སྐབས་ མི་ཚུ་གིས་ ངོས་ལེན་འབད་དེ་ཡོདཔ་ལས་ གཞུང་གིས་ གྲོས་ཆོད་ཀྱི་སྐོར་ལས་ སྙན་ཞུ་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
མགར་སའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ གལ་སྲིད་ ཕྱུགཔོ་དང་ སྤྱང་ཀ་ཚུ་ལུ་ དྲང་བདེན་བྱིན་དགོ་པ་ཅིན་ ཐོན་ཁུངས་མེད་པའི་ མི་ཚུ་ལུ་ ཁྲིམས་ཀྱི་ཞབས་ཏོག་ ཐོབ་དགོཔ་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཞུ་ཡི།
གལ་སྲིད་ ཁྲིམས་ཀྱི་འདུན་སར་ ཕྱུགཔོ་དང་ སྤྱང་ཀའི་བར་ན་ རྩོད་གཞི་ཕྱེ་དགོཔ་རེ་ འཐོན་པ་ཅིན་ ཕྱུགཔོ་ཚུ་གིས་ རྒྱབ་མི་བཙུགས་ཚུགས་ནི་ཨིན་རུང་ སྤྱང་ཀ་ཚུ་གིས་ རྒྱབ་མི་བཙུགས་མི་ཚུགས་འོང་ཟེར་ཨིན་པས།
སྤུ་ན་ཁའི་འཐུས་མི་ ལྷ་སྐྱིད་སྒྲོལ་མ་གིས་ ད་ལྟོའི་ ཚོགས་རིམ་ནང་ར་ གཞུང་གིས་ ལན་ཕུལ་དགོཔ་འདུག་ཟེར་ཞུ་བའི་ཁར་ གལ་སྲིད་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ མདོ་ཆེན་མེད་རུང་ ངོ་ཚབ་ཚུ་གིས་ ངོས་ལེན་འབད་དགོ་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *