རྒྱལ་ཁ་ཐོབ་མི་ ཀ་ལ་པིང་ཀ་སྡེ་ཚན།

ཁྲི་མངའ་གསོལ་གྱི་མདའ་རྩེད་འགྲན་བསྡུར་ནང་ ཀ་ལ་པིང་ཀ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ འགོ་འདྲེན་འཐབ་མི་ ཕྱི་རྒྱལ་མདའ་གཞུ་ཐོག་གི་ ཁྲི་མངའ་གསོལ་གྱི་ མདའ་རྩེད་འགྲན་བསྡུར་ ཐེངས་༡༢ པའི་ནང་ ཀ་ལ་པིང་ཀ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༢ ལུ་ ཀ་ལ་པིང་ཀ་དང་ ཨིན་ཨིསི་ཊཱལ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབདཝ་ད་ ཨིན་ཨིསི་ཊཱལ་སྡེ་ཚན་གྱིས་ སྐུགས་༡ ཆོད་ཡོད་རུང་ སྐུགས་༢ པམ་དེ་ ཆོད་མ་ཚུགསཔ་ལས་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབད་ཡི།
ཀ་ལ་པིང་ཀ་སྡེ་ཚན་གྱིས་ སྐུགས་༢༥ ཐོབ་སྟེ་ སྐུགས་ཆོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡ ཡང་ ཐོབ་མ་ཚུགསཔ་ལས་ སྡེ་ཚན་གཉིས་ཀྱི་བར་ན་ སྐུགས་༢ པ་ཆོད་ནིའི་དོན་ལུ་ ད་རུང་ རྩེད་འགྲན་འབད་བའི་ སྐབས་ ཀ་ལ་པིང་ཀ་གིས་ ཆོད་བཏང་ཡི།
མ་གཞི་ སྡེ་ཚན་༢ ཆ་ར་ནང་ མདའ་རྩེདཔ་ཚུ་ ཉམས་མྱོང་ཅན་དང་ ལྕོགས་གྲུབ་ཡོད་མི་འབདཝ་ད་ རྒྱལ་ ཕམ་ཕྱེ་ནི་ལུ་ དོ་འགྲན་འབད་དགོཔ་སྦོམ་བྱུང་ཡི།
མདའ་རྩེདཔ་དྲག་ཤོས་ ཨང་དང་པ་དང་༢ པ་ཐོན་མི་ སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ལུ་ ལག་ཁྱེར་དང་ གསོལ་རས་ཚུ་ བྱིན་ཡོདཔ་མ་ཚད་ མཐའ་བཅད་རྩེད་འགྲན་ནང་ བཀག་རེག་མཐོ་ཤོས་ཕོག་མི་དང་ ཉིནམ་༡ གི་བཀག་རེག་མཐོ་ཤོས་ དེ་ལས་ རྡོ་སྦྱེལ་མཐོ་ཤོས་ཕོག་མི་ཚུ་ལུ་ཡང་ གསོལ་རས་ཚུ་ བྱིན་ཡི།
དུས་ཅི་ ཁྲི་མངའ་གསོལ་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༡༥ གིས་ བཅའ་མར་གཏོགས་ཡོདཔ་ལས་ དབྱེ་ཁག་ཀ་པའི་ནང་ སྡེ་ཚན་༨ དང་ དབྱེ་ཁག་ཁ་པའི་ནང་ སྡེ་ཚན་༧ ཡོདཔ་ཨིན་པས།
རྩེད་འགྲན་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༠ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *