ཁྲི་མ་ལ་གཡུས་ཚན་གྱི་ ཨམ་སྲུ་ཚུ་གིས་ སྐམ་འབྱ་འཛུགས་སྐྱོང་འབད་བའི་བསྒང་།

ཁྲི་མ་ལ་གཡུས་ཚན་ནང་ སྐམ་འབྱ་འཛུགས་སྐྱོང་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ།

༉ ཤ་ཝ་གཞམ་གླིང་སྤྱི་འོག་ ཁྲི་མ་ལ་གཡུས་ཚན་གྱི་ སོ་ནམ་པ་ཚུ་གིས་ སྐམ་ཞིང་དང་ ཚལ་མ་བརྫམས་མིའི་ ནང་ སྐམ་འབྱ་འཛུགས་སྐྱོང་འབད་སར་ མཐོངམ་ཨིན་པས།
ལོ་བསྟར་བཞིན་དུ་ རང་ཟླ་༤ པའི་ནང་ ཁྲི་མ་ལ་གཡུས་ཚན་གྱི་ མི་སེར་ཚུ་གིས་ སྐམ་ཞིང་དང་ ཚལ་མ་རྫམ་ཞིནམ་ད་ སྐམ་འབྱ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་མི་དེ་ཡང་ གཡུས་ཚན་དེ་ ས་ཁ་མཐོ་ས་ལུ་ ཆགས་ཡོད་པའི་ཁར་ ཆུ་ཞིང་མེད་མི་ལུ་བརྟེན་ཨིན་པས།
རང་ཟླ་༤ པའི་ནང་ སྐམ་བྱཱ་འཛུགས་སྐྱོང་འགོ་བཙུགས་མི་དེ་ གནམ་བྱཱར་གྱི་ཆརཔ་ལུ་བརྟེན་ ལྕངམ་སྦོམ་ཐལ་ཏེ་ རང་ཟླ་༨ པ་དང་༩ པའི་ནང་ བསྡུ་དོ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ ཁྲི་མ་གཡུས་ཚན་གྱི་ ཞིང་ཅིག་ནང་ ཨམ་སྲུ་སྡེ་ཚན་༡ གིས་ སྐམ་འབྱ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
གླང་དོ་༢ ནང་ འཛུགས་སྐྱོང་འབད་མི་ སའི་ཇོ་བདག་ སྐྱེས་ལོ་༢༧ ལང་མི་ ཚེ་རིང་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ འབྱ་ལེགས་ནིའི་དོན་ལུ་ གཟའ་སྐར་ལེགས་པའི་ཉིནམ་དང་འབྲེལ་ ལོ་ཐོག་ཚུ་འགོ་དང་པ་ ཞིང་ནང་བཏབ་ད་ སྨོན་ལམ་ལེགས་ཤོམ་བཏབ་དགོ་པའི་ཁར་ མི་གསརཔ་ཚུ་འོང་པ་ཅིན་ རྟེན་འབྲེལ་བརྩི་དགོཔ་བཞིན་དུ་ དུས་ཅི་ཡང་ གོ་སྐབས་ལེན་ཚུགས་ཅི་ཟེར་ ཨིན་པས།
ལཱ་འབད་བར་འོང་མི་ཚུ་གི་གྲས་ལས་ ཨ་ལོ་༢ ཀྱི་ཨའི་ བསོད་ནམས་ལྷ་སྒྲོན་གྱིས་ སླབ་མིའི་ནང་ ཧེ་མ་ ཕམ་ ཚུ་གི་སྐབས་ལུ་ སྐམ་འབྱ་གི་ལཱ་འབད་ནི་མེདཔ་ལས་ ལོ་བསྟར་བཞིན་དུ་ རྒྱ་ཆུམ་དེ་ར་ ཉོ་ཞིནམ་ལས་ བཟའ་སྤྱོད་འབད་སྡོད་མི་དེ་ འདས་པའི་ལོ་༥ ལས་ཚུར་ གཡུས་ཚན་ནང་ སྐམ་འབྱ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡི་ཟེར་ ཨིན་པས།
ཨིན་རུང་ མཚོ་རྒྱལ་དབང་མོ་དང་འཁྲིལ་བ་ཅིན་ གཡུས་ཚན་དེ་ར་ ས་ཁ་མཐོ་སར་ གྱེན་གཟར་དྲགས་གུ་ ཆགས་ཡོདཔ་ལས་ ཆུ་ཞིང་མེད་པར་ དང་ཕུ་ཕམ་ཚུ་ འཚོ་བ་གཙོ་བོ་ གེ་ཟ་མ་གཏོགས་ ད་རེས་བཟུམ་སྦེ་ སྐམ་འབྱ་བཙུགས་སྲོལ་མིན་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྐམ་འབྱ་འཛུགས་སྐྱོང་འབད་ནི་དེ་ སྐམ་ཞིང་དང་ ཚལ་མ་ཚུ་བརྫམ་ཞིནམ་ད་ འབད་དགོ་པའི་གདོང་ལེན་དང་ ས་ཆ་ཚུ་ཡང་ ཁ་གཏོར་ཏེ་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་དཀའ་ངལ་ བསལ་མ་ཚུགས་པར་ཡོད་ཟེར་ཨིན་པས།
གལ་སྲིད་ གཞུང་དང་ རྒེད་འོག་བདག་སྐྱོང་གིས་ གུང་པ་རེ་ཨིན་རུང་ གློག་ཐག་ར་བ་བསྒོར་ནིའི་དོན་ལུ་ རྒྱབ་སྐྱོར་ཧྲིལ་བུམ་སྦེ་ གནང་པ་ཅིན་ མི་སེར་ཉམ་ཆུང་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིནམ་མ་ཚད་ སོ་ནམ་ གྱི་ལཱ་འབད་ནི་ལུ་ ཐེབས་བརྩོན་ཤུགས་བསྐྱེད་ནིའི་ གོ་སྐབས་འདུག་ཟེར་ བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་ཨིན་པས།
ཤ་ཝ་གཞམ་གླིང་སྤྱི་འོག་ཚོགས་པ་ བསོད་ནམས་ཚེ་རིང་གིས་ སླབ་མི་དང་འཁྲིལ་བ་ཅིན་ སྤྱི་འོག་ནང་ ཤ་ཝ་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་རྐྱངམ་གཅིག་ ཆུ་ཞིང་དུམ་གྲ་རེ་ཡོདཔ་མ་གཏོགས་ གཞན་གཡུས་ཚན་ཚུ་ ནང་ ཆུ་ཞིང་མེདཔ་ལས་ སྐམ་ཞིང་ལུ་ བརྟེན་སྡོད་དོ་ཡོད་ཟེར་ཨིན་པས།
ཤ་ཝ་གཡུས་ཚན་ལས་ གུང་པ་༢༥ དང་ གཞམ་གླིང་གཡུས་ཚན་ནང་ གུང་པ་༡༧ དེ་ལས་ ཁྲི་མ་ལ་གཡུས་ཚན་གྱི་གུང་པ་༡༧ བསྡོམས་གུང་པ་༦༠ དེ་ཅིག་གིས་ སྐམ་འབྱ་འཛུགས་སྐྱོང་འབད་ནི་ལུ་ གཙོ་བོར་བཏོནམ་མ་ཚད་ གེ་ཟ་དང་ ཀེ་བ་ སྲནམ་ཅུམ་ ཨེ་མ་ཚུ་ཡང་ འཛུགས་སྐྱོང་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཁྲི་མ་ལ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *