ཁྲལ་དགོངས་ཡངས་ལོག་སྤྱོད་ཀྱི་ ཁ་ཉེས་ལུ་ སྔོན་འགྲོའི་ཞིབ་དཔྱད་འབད་ནི།

༉ ཐིམ་ཕུག་ཅང་བང་གྲུ་ལུ་ ཧོ་ཊཱལ་ རི་བར་ས་ཡེཌ་ཟེར་མི་ ཟ་ཁང་གིས་ ནང་འདྲེན་གྱི་ ཁྲལ་དགོངས་ཡངས་ཐོབ་མི་དེ་ ལོག་སྤྱོད་འབད་ཡོད་པའི་ ཁ་ཉེས་ཡོད་མི་དེ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྔོན་འགྲོའི་བརྟག་ཞིབ་འབད་ནི་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཟ་ཁང་དེ་གིས་ ཁྲལ་དགོངས་ཡངས་ལེན་མི་དེ་ནང་ ངན་ལྷད་དང་འབྲེལ་བའི་ གནད་དོན་ཚུ་ཡོདཔ་ལས་ དངུལ་རྩིས་ལྷན་ཁག་གིས་ ལྷན་ཚོགས་ལུ་ ཡི་གུ་བཏང་མི་དང་འཁྲིལ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ སྔོན་འགྲོའི་ཞིབ་དཔྱད་ཅིག་ འབད་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།
སྔོན་འགྲོའི་ཞིབ་དཔྱད་སྐབས་ ཁྲལ་ཟུར་ཐབས་འབད་བའི་ གནད་དོན་ཨིན་པའི་ མངོན་གསལ་འབྱུང་པ་ཅིན་ དངུལ་རྩིས་ལྷན་ཁག་གིས་ གཞི་བཙུགས་འབད་དེ་ཡོད་པའི་ ཁྲལ་མཐོ་གཏུགས་བཀོད་ཚོགས་ལུ་ ལོག་གཏང་འོང་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ད་ གནད་དོན་དེ་ནང་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཡི་གུ་བཏང་མི་དང་འཁྲིལ་ ངན་ལྷད་དང་འབྲེལ་བའི་ གནད་དོན་ཚུ་ཡོད་པ་ཅིན་ ཞིབ་དཔྱད་ཧྲིལ་བུ་འབད་འོང་ཟེར་ ལྷན་འཛིན་རྒྱ་མཚོ་གིས་ བཤདཔ་ཨིན་པས།
དངུལ་རྩིས་དྲུང་ཆེན་གྱིས་ ཁྲལ་མཐོ་གཏུགས་བཀོད་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་བཏང་མི་ ཡི་གུ་དེ་ནང་ ཟ་ཁང་གི་ ས་ཁོངས་ནང་ ཁྲལ་དགོངས་ཡངས་ཐོག་ ནང་འདྲེན་འབད་བའི་ ཅ་ཆས་ཚུ་ བརྟག་དཔྱད་འབད་བའི་སྐབས་ ཅ་ཆས་མེད་པའི་ཁར་ ཟ་ཁང་གི་ ཇོ་བདག་༢ ཡོད་མི་ལས་ པདྨ་རྣམ་རྒྱལ་གྱིས་ རྒྱ་ནག་ལས་ ཅ་ཆས་ནང་འདྲེན་འབད་འབདཝ་མེད་ཟེར་ སླབ་མི་ལུ་བརྟེན་ ངན་ལྷད་ཀྱི་ གནད་དོན་ཚུ་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་བཀོད་ནུག།
ཁྲལ་དགོངས་ཡངས་ཐོག་ལས་ ཅ་ཆས་ནང་འདྲེན་འབད་མི་དེ་ནང་ ངན་ལྷད་ཀྱི་ གནད་དོན་ཚུ་ཡོད་རུང་ དངུལ་རྩིས་ལྷན་ཁག་ལུ་ འདི་བཟུམ་མའི་ ཞིབ་དཔྱད་རྐྱབ་ནི་གི་ མཁས་མཆོག་མེད་མི་ལུ་བརྟེན་ ལྷན་ཚོགས་ལུ་ ཞིབ་དཔྱད་འབད་གནང་དགོཔ་སྦེ་ དྲུང་ཆེན་ཉིམ་རྡོ་རྗེ་གིས་ ཡི་གུ་ནང་ གསལ་བཀོད་འབད་ནུག།
ཁྲལ་གྱི་བཅའ་ཁྲིམས་༢༠༠༠ ཅན་མ་དང་འཁྲིལཝ་ད་ ཁྲལ་དགོངས་ཡངས་ཐོབ་མི་ ཅ་ཆས་ཚུ་ག་ར་ ནང་འདྲེན་འབད་དེ་ འབག་འོང་སའི་ ས་ཁོངས་ནང་ ཞིབ་དཔྱད་ཀྱི་དོན་ལུ་ གསལ་སྟོན་འབད་དགོཔ་ཨིན་པས།
ཧེ་མའི་ཟ་ཁང་གི་ཇོ་བདག་ པདྨ་རྣམ་རྒྱལ་གྱིས་ འདས་པའི་དྲི་བ་དྲིས་ལན་སྐབས་ བཤད་མིའི་ནང་ སྒྲིང་ཁྱིམ་༢ ཀྱི་ ཉལ་ཁང་༦༠ ཡོད་མི་ཚུ་ནང་ འཛིན་ཆས་བཙུགས་སྒྲིག་འབད་ནི་དང་ ཉལ་ཁྲི་དང་ གདན་དེ་ཚུ་ མཁོ་སྤྲོད་ཀྱི་དོན་ལུ་ ཁོ་རའི་ཆ་རོགས་ འཕྲིན་ལས་དབང་ཕྱུག་ལུ་ རིན་གོང་དངུལ་ཀྲམ་ས་ཡ་༡༢.༢ སྦེ་ སྤྲོད་ཡོདཔ་ད་ དེ་བསྒང་ འཕྲིན་ལས་དབང་ཕྱུག་དེ་ ཞི་གཡོགཔ་ཅིག་ཨིནམ་ལས་ རིན་བསྡུར་གོང་ཚད་ཀྱི་ ཡི་གུ་དེ་ཡང་ ལྷ་ཐིང་ཚོང་ལས་ཀྱི་ མིང་ཐོ་ཁར་ བཙུགས་ཅི་ཟེར་ བཤདཔ་ཨིན་པས།
པདྨ་རྣམ་རྒྱལ་གྱིས་ ཁ་ཉེས་བཀལ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༤ ལུ་ འཕྲིན་ལས་དབང་ཕྱུག་གིས་ ཁོ་ར་དང་ ཁོ་རའི་ཚ་བོ་དབང་ཕྱུག་གི་ མིང་རྟགས་རྫུས་མ་རྐྱབ་སྟེ་ འབྲུག་ལྟ་བཤད་ཚོགས་སྡེ་དང་ ཅ་དམ་དང་ འོང་འབབ་ཡིག་ཚང་ནང་ བཙུགས་ཐོག་ལས་ ནང་འདྲེན་གྱི་ ཁྲལ་དགོངས་ཡངས་ དངུལ་ཀྲམ་ས་ཡ་༦.༣ དེ་ཅིག་གི་རྩིས་ ལེན་ནུག་ཟེར་ཨིན་པས།
དེ་འབདཝ་ད་ འཕྲིན་ལས་དབང་ཕྱུག་གིས་འབད་བ་ཅིན་ ཁོ་ལུ་ ག་ཉེས་བཀལ་མི་དེ་ རྩ་ལས་ར་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ དངུལ་འབྲེལ་མཐུན་རྐྱེན་ཐོག་ལས་ ཟ་ཁང་གིས་ ཁྲལ་དགོངས་ཡངས་ཐོབ་ཡོད་རུང་ པདྨ་རྣམ་རྒྱལ་གྱིས་ ལོག་སྤྱོད་འབད་དེ་ དངུལ་ཀྲམ་༦,༢༧༥,༧༨༦ ཁྲལ་ལས་ཟུར་ཐབས་འབདཝ་ལས་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ ཁོ་ལུ་ ཉེས་བྱ་བཀལ་ཡི་ཟེར་ཨིན་པས།
ཉེས་བྱ་བཀལ་བའི་ ཡི་གུ་དེ་ཡང་ ཡིག་ཚང་དེ་གིས་ སྤྱི་ལོ་༢༠༡༦ ཟླ་༡༠ པའི་ཚེས་༢༡ ལུ་ ཟ་ཁང་གི་ ཇོ་བདག་ལུ་ བྲིས་ཡོད་མི་ལས་ ཧ་གོ་ཚུགས་ནི་ཨིན་རུང་ པདྨ་རྣམ་རྒྱལ་གྱིས་ དེ་ལུ་ ཉོགས་བཤད་བཀོད་ཐོག་ལས་ ལོ་དེ་གི་ སྤྱི་ཟླ་༡༢ པའི་ནང་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ རྩེད་གཞི་བཙུགས་ཅི་ཟེར་ འཕྲུན་ལས་དབང་ཕྱུག་གིས་ ཁ་ཉེས་བཀལཝ་ཨིན་པས།
འོང་འབབ་དང་ ཅ་དམ་ཡིག་ཚང་གི་ ཡི་གུ་དེ་ནང་ ཟ་ཁང་གི་ ས་ཁོངས་ནང་ ཞིབ་དཔྱད་རྐྱབ་པའི་སྐབས་ རྒྱ་ནག་ལས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་མེད་མི་ལུ་བརྟེན་ ཁྲལ་་དང་ ཡང་ཅིན་ ཁྲལ་དགོངས་ཡངས་ལོག་སྤྱོད་འབད་བའི་ཉེས་ཆད་ ཅ་ཆས་ཀྱི་གནས་གོང་གུ་ ཉེས་བྱ་བརྒྱ་ཆ་༥༠ ཕོགཔ་མ་ཚད་ བཙོང་ཁྲལ་དང་ ཅ་དམ་ ནང་ཁྲལ་ཚུ་ཕོག་ཟེར་བཀོད་དེ་འདུག།
འཕྲིན་ལས་དབང་ཕྱུག་གིས་འབད་བ་ཅིན་ ཁྲལ་དགོངས་ཡངས་ཀྱི་ གནད་དོན་སྐོར་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་ཡོདཔ་མ་ཚད་ ཡིག་ཆ་རྫུས་བཟོ་དང་ མིང་རྟགས་རྫུས་མ་བཀོད་བཀོད་མེད་པའི་ བཀའ་རྒྱ་གནང་ཡི་ཟེར་ཨིན་པས།
རྩོད་བཤེར་སྐབས་ ང་གིས་ ཁྲིམས་འདུན་ལུ་ ཁྲལ་ཟུར་ཐབས་འབད་མི་དང་ པདྨ་རྣམ་རྒྱལ་དང་ ཁོ་རའི་མཉམ་རོགས་ཀྱིས་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ལས་ སྐྱིན་འགྲུལ་ག་དེ་སྦེ་ ཐོབ་ཡོདཔ་ཨིན་ན་ ཞིབ་དཔྱད་གནང་དགོཔ་སྦེ་ཞུ་རུང་ ཁྲིམས་འདུན་གྱིས་ ང་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ སྙན་ཞུ་འབད་དགོཔ་སྦེ་ བཀའ་གནང་མི་དང་འཁྲིལ་ སྙན་ཞུ་འབད་ཡི་ཟེར་ འཕྲིན་ལས་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཨིན་རུང་ པདྨ་རྣམ་རྒྱལ་གྱིས་ དངུལ་རྩིས་བློན་པོའི་ གོ་སྐབས་ལེན་ཐོག་ལས་ ཁྲལ་བཏབ་ནི་ལས་ ཟུར་ཐབས་ལུ་ ཐབས་བྱུས་བཏོན་ཏེ་ ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་ཡི་གུ་བཙུགས་ནུག་ཟེར་ འཕྲིན་ལས་དབང་ཕྱུག་གིས་ ཁ་ཉེས་བཀལ་བའི་ཁར་ དངུལ་རྩིས་ལྷན་ཁག་གིས་ཡང་ ལཱ་འཇམ་ནིའི་དོན་ལུ་ ཁྲལ་གྱི་གནད་དོན་དེ་ ལྷན་ཚོགས་ལུ་ བཏང་མི་དེ་ བྱ་བའི་གནད་སྤྱོད་དང་འབྲེལ་བའི་ ངན་ལྷད་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲལ་ཟུར་ཐབས་འབད་བའི་ གནད་དོན་དེ་ ཁྲལ་མཐོ་གཏུགས་བཀོད་ཚོགས་ཀྱིས་ སེལ་ནི་མ་གཏོགས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏ།ང་དགོཔ་མེད་ཟེར་ཨིནམ་ད་ གལ་སྲིད་ མི་ངོ་དེ་གིས་ བཀོད་ཚོགས་ཀྱི་ གྲོས་ཆོད་ལུ་ ངོས་ལེན་འབད་མ་བཏུབ་པ་ཅིན་ ཁྲིམས་འདུན་ལུ་ གཏང་དགོ་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *