ཁྲལ་དགོངས་ཡངས་ཀྱི་ ཁ་ཉེས་ལུ་ སྔོན་འགྲོའི་ཞིབ་དཔྱད་འགོ་བཙུགས་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་ལས་ ཐིམ་ཕུག་ཅང་བང་གྲུ་ལུ་ ཧོ་ཊཱལ་ རི་བར་ས་ཡེཌ་ཟ་ཁང་ལུ་ དངུལ་འབྲེལ་མཐུན་རྐྱེན་ཐོག་ ནང་འདྲེན་གྱི་ ཁྲལ་དགོངས་ཡངས་གནང་མིའི་ ཉོགས་བཤད་ལུ་ སྔོན་འགྲོའི་ཞིབ་དཔྱད་འབད་ནི་ འགོ་བཙུགས་ནུག།
སྔོན་འགྲོའི་ཞིབ་དཔྱད་ ག་ཅི་བཟུམ་འབདཝ་ཨིན་ན་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མ་བཏུབ་ཨིན་རུང་ ད་ལྟོ་ འབྲེལ་ཡོད་ལས་སྡེ་དང་ དབང་འཛིན་ཚུ་ལས་ ཡིག་ཆ་དང་ བརྡ་དོན་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ ཁ་ཉེས་དེ་ལུ་ ངན་ལྷད་དང་འབྲེལ་བའི་ གཞི་ཁུངས་ཡོད་པའི་ མངོན་གསལ་བྱུང་པ་ཅིན་ ཞིབ་དཔྱད་འཕྲོ་མཐུད་རྐྱབ་ནི་ཨིནམ་མ་ཚད་ དེ་ནང་འབྲེལ་བ་ཡོད་མི་ཚུ་ལུ་ཡང་ དྲི་ཞིབ་འབད་འོང་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
གནད་དོན་དེ་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ལྷན་ཚོགས་ལུ་ བཏང་མི་དེ་ཡང་ ཟ་ཁང་གི་ ས་ཁོངས་ནང་ ཁྲལ་དགོངས་ཡངས་ཐོག་ ནང་འདྲེན་འབད་བའི་ ཅ་ཆས་ཚུ་ བརྟག་དཔྱད་འབད་བའི་སྐབས་ ཅ་ཆས་མེད་པའི་ཁར་ ཟ་ཁང་གི་ ཇོ་བདག་༢ ཡོད་མི་ལས་ པདྨ་རྣམ་རྒྱལ་གྱིས་ རྒྱ་ནག་ལས་ ཅ་ཆས་ནང་འདྲེན་འབད་འབདཝ་མེད་ཟེར་ སླབ་མི་ལུ་བརྟེན་ ངན་ལྷད་ལག་ལེན་ཡོད་པའི་ དོགས་པ་ཡོད་ནི་དེ་གིས་ ལྷན་ཚོགས་ལུ་ ཞིབ་དཔྱད་རྐྱབ་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
ཁྲལ་དགོངས་ཡངས་ལུ་ ངོས་ལེན་མེདཔ།
བདུན་ཕྲག་འདི་ནང་ ཟ་ཁང་གི་ཇོ་བདག་བགྲེསཔ་ པདྨ་རྣམ་རྒྱལ་གྱིས་ རྩོད་དོན་དེ་གི་ཐོག་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཁོ་གི་ཆ་རོགས་ འཕྲིན་ལས་དབང་ཕྱུག་གིས་ རི་བར་ས་ཡེཌ་ཟ་ཁང་གི་ ངོ་སྦྱོར་ཡི་གུ་མེད་པར་ ཁྲལ་དགོངས་ཡངས་ལག་ཁྱེར་དང་ ནང་འདྲེན་ཆོག་ཐམ་ ག་དེ་སྦེ་ ཐོབ་ཡོདཔ་ཨིན་ན་དང་ རྒྱ་ནག་གི་ བཀྲམ་སྤེལ་བ་ལུ་ ཏི་རུ་བཏངམ་ད་ ག་གི་རྩིས་ཁྲ་ནང་ལས་ སྤྲོད་ཡོདཔ་ཨིན་ན་ དེ་ལས་ ཁོ་ར་དང་ ཁོ་རའི་ཚ་བོ་དབང་ཕྱུག་གི་ མིང་རྟགས་རྫུས་མ་རྐྱབ་སྟེ་ ཁྲལ་དགོངས་ཡངས་ལེན་མི་ཚུ་ལུ་ དབྱེ་ཞིབ་གནང་དགོཔ་སྦེ་ ཞུ་ཡིག་བཙུགས་ནུག།
ཨིན་རུང་ ལྷན་ཚོགས་ཀྱིས་ གནད་དོན་དེ་ལུ་ ཧེ་མ་ལས་ར་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཡོདཔ་ལས་ དགོས་མཁོ་བྱུངམ་ད་སླབ་འོང་ཟེར་ སླབ་ཐོག་ལས་ ཞུ་ཡིག་དེ་ ལེན་མ་བཏུབ་ཟེར་ པདྨ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
པདྨ་རྣམ་རྒྱལ་གྱིས་འབད་བ་ཅིན་ ཅང་བང་གྲུ་ལུ་ བཟོ་སྐྲུན་འབད་ཡོད་མི་ སྒྲིང་ཁྱིམ་ཀ་པ་དང་ཁ་པ་གཉིས་ཀྱི་ ཉལ་ཁང་༦༠ ཡོད་མི་ཚུ་ནང་ འཛིན་ཆས་བཙུགས་སྒྲིག་འབད་ནི་དང་ ཉལ་ཁྲི་དང་ གདན་དེ་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལས་ ལྷ་ཐིང་ཚོང་ལས་ཀྱི་མཉམ་རོགས་ འཕྲིན་ལས་དབང་ཕྱུག་ལུ་ རིན་གོང་དངུལ་ཀྲམ་ས་ཡ་༡༢.༢ སྦེ་ སྤྲོད་ཡོདཔ་བཞིན་དུ་ ཁོ་གིས་ སྔོན་བྱིན་རིམ་ཐེངས་༤ འབདཝ་ད་ བསྡོམས་ཀྱིས་དངུལ་ཀྲམ་ས་ཡ་༡༢ སྤྲོད་ཡོདཔ་ཨིན་རུང་ འཛིན་ཆས་དངུལ་ཀྲམ་ས་ཡ་༦.༩༤༡ དེ་ཅིག་ལས་བརྒལ་ བཙུགས་མ་བཏུབ་ཟེར་ཨིན་པས།
དེ་ཡང་ སྒྲིང་ཁྱིམ་ཀ་པའི་ནང་ དངུལ་ཀྲམ་ས་ཡ་༢.༨༡༥ དེ་ཅིག་གནས་པའི་ འཛིན་ཆས་དང་ ད་ལྟོའི་ཟ་ཁང་གི་ འཛིན་སྐྱོང་པ་ལུ་བཙོང་མི་ སྒྲིང་ཁྱིམ་ཁ་པའི་ནང་ དངུལ་ཀྲམ་ས་ཡ་༤.༡༢༥ ལྷགཔ་ཅིག་གི་ འཛིན་ཆས་བཙུགས་པའི་ཤུལ་ལུ་ ཁག་འབག་གི་ གང་ཡིག་བཟོ་མི་དང་འཁྲིལ་ འཕྲིན་ལས་དབང་ཕྱུག་གིས་ ཅ་ཆས་ཚུ་ བཀྲམ་སྤེལ་དང་ སྔོན་བྱིན་སྤྲོད་མི་ཡང་ རྩིས་སྒྲིག་འབད་མ་བཏུབ་མི་ལུ་བརྟེན་ ཁྲིམས་སར་རྩོད་གཞི་ཕྱེ་དགོཔ་ བྱུང་ཡོདཔ་བཞིན་དུ་ ཁྲིམས་འདུན་ལས་ བཀྲམ་སྤེལ་བ་ལུ་ དངུལ་ཀྲམ་ས་ཡ་༤.༡ རྩོད་རྩ་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡི་ཟེར་ པདྨ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
ཁྲལ་ཟུར་ཐབས་འབད་བའི་ཁ་ཉེས།
ཧེ་མའི་ དྲི་བ་དྲིས་ལན་སྐབས་ འཕྲིན་ལས་དབང་ཕྱུག་གིས་ པདྨ་རྣམ་རྒྱལ་ལུ་ ཁྲལ་དགོངས་ཡངས་ཐོབ་མི་དེ་ ལོག་སྤྱོད་དང་ ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་བྱ་ཚུ་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ བཀལ་ཡོད་མི་དེ་ཡང་ ཡིག་ཚང་དེ་གིས་ སྤྱི་ལོ་༢༠༡༦ ཟླ་༡༠ པའི་ཚེས་༢༡ ལུ་ ཟ་ཁང་གི་ ཇོ་བདག་ལུ་ སྤྲོད་ཡོད་མི་ ཡི་གུ་ལས་ ཧ་གོ་ཚུགས་ཟེར་ ཁ་ཉེས་བཀལ་ཡོདཔ་ཨིན།
ཨིན་རུང་ པདྨ་རྣམ་རྒྱལ་གྱིས་ དེ་ལུ་ ཉོགས་བཤད་བཀོད་ཐོག་ལས་ ལོ་དེ་གི་ སྤྱི་ཟླ་༡༢ པའི་ནང་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ རྩེད་གཞི་བཙུགས་ཅི་ཟེར་ འཕྲིན་ལས་དབང་ཕྱུག་གིས་ ཁ་ཉེས་བཀལ་ཡོདཔ་མ་ཚད་ ཁྲལ་དགོངས་ཡངས་ཀྱི་ གནད་དོན་སྐོར་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༢༩ ལུ་ ཁྲིམས་འདུན་གྱིས་ ཡིག་ཆ་རྫུས་བཟོ་དང་ མིང་རྟགས་རྫུས་མའི་ གནད་དོན་མེད་ལུགས་ འཁྲུན་ཆོད་ནང་ གསལ་བཀོད་འབད་དེ་ཡོདཔ་སྦེ་ ཀུན་གསལ་ལུ་ བཤད་ཅི།
དེ་འབདཝ་ད་ ཤུལ་ལས་ ཀུན་གསལ་གྱིས་ ཁྲིམས་འདུན་དང་གཅིག་ཁར་ བདེན་དཔྱད་འབད་བའི་སྐབས་ རྩ་ཕན་༢ ཀྱི་ རྩོད་གཞི་དེ་ ཟ་ཁང་ནང་ འཛིན་ཆས་དང་ ཅ་ཆས་ཚུ་ བཀྲམ་སྤེལ་དང་ བཙུགས་སྒྲིག་སྐོར་ཨིནམ་ལས་ ཞི་རྩོད་དེ་ནང་ ཡིག་ཆ་རྫུས་བཟོ་དང་ མིང་རྟགས་རྫུས་མའི་ འབྲེལ་གནད་མེད་པའི་ཁར་ འཁྲུན་ཆོད་ནང་ཡང་ གསལ་བཀོད་འབད་འབདཝ་མེད་པའི་ མངོན་གསལ་བྱུང་ཡི།
པདྨ་རྣམ་རྒྱལ་གྱིས་ རྒྱལ་ཁབ་གསུམ་པ་ལས་ འཛིན་ཆས་ཐད་ཀར་དུ་ ནང་འདྲེན་འབད་དེ་མེདཔ་མ་ཚད་ ཧོ་ཊཱལ་ རི་བར་ས་ཡེཌ་ཟ་ཁང་གི་ མིང་ཐོ་ལུ་ ཁྲལ་དགོངས་ཡངས་ཀྱི་ ཞུ་ཡིག་ཡང་བཙུགས་བཙུགསཔ་མེད་ཟེར་ ས་ཁོངས་དེ་ནང་ ཅ་ཆས་བརྟག་ཞིབ་འབད་བར་འོང་མི་ ཅ་དམ་འགོ་དཔོན་ཚུ་ལུ་ སླབ་ཡོདཔ་མ་ཚད་ བརྡ་བརྒྱུད་ལུ་ཡང་ དེ་སྦེ་ར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་འབྲེལ་མཐུན་རྐྱེན་གྱི་ ཁེ་ཕན་ལེན་ལེནམ་མེད་མི་དང་ བཀྲམ་སྤེལ་བའི་ ཁ་ཐུག་ལས་ ཚུལ་མིན་ཚུ་ འཐབ་ཡོད་པའི་ འབྲེལ་ཡོད་ཡིག་ཆ་ཚུ་ འོང་འབབ་དང་ ཅ་དམ་ཡིག་ཚང་ལུ་ ཕུལ་ཡོད་རུང་ ཞིབ་དཔྱད་མཐིལ་ཕྱིན་ཐོག་ ཉེས་ལས་འབད་མི་དེ་ལུ་ ཉེས་བྱ་བཀལ་ནི་མེན་པར་ ང་བཅས་ལུ་ ཁྲལ་དགོངས་ཡངས་ལོག་སྤྱོད་འབད་བའི་ ཉེས་བྱ་བཀལ་ནི་དེ་ དྲང་བདེན་དང་ རྣམ་དག་མེན་པས་ཟེར་ཨིན་མས།
རྒྱ་ནག་ལས་ནང་འདྲེན།
ཐོ་བཀོད་དང་འཁྲིལཝ་ད་ འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ སྤྱི་ལོ་༢༠༡༤ ལུ་ ཇོ་བདག་པདྨ་རྣམ་རྒྱལ་དང་ དབང་ཕྱུག་གི་ ཧོ་ཊཱལ་ རི་བར་ས་ཡེཌ་ལུ་ བཙོང་ཁྲལ་དང་ ཅ་དམ་ཁྲལ་དགོངས་ཡངས་ཚུ་ཡང་ ནང་འདྲེན་ཆ་ཆས་ ཐབ་ཆས་དང་ གྱོན་ཆས་འཁྱུ་ནིའི་མཁོ་ཆས་ གྲི་ཐུར་དང་ཟ་ཧོད་ འཛིན་ཆས་ གདན་མལ་ཆ་ གཙང་སྦྲའི་ཅ་ཆས་ གློག་ཆས་ལ་སོགས་པ་བྱིན་ནུག།
ཕུན་ཚོགས་གླིང་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ ཐོ་བཞག་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༤ ཟླ་༨ པའི་ཚེས་༦ ལུ་ རྒྱ་ནག་ལས་ དངུལ་ཀྲམ་ས་ཡ་༤.༣༦༠ ལྷགཔ་ཅིག་གི་ ཅ་ཆས་ནང་འདྲེན་འབད་མི་ཚུ་ སྤྱི་ཚེས་༡༡/༨/༢༠༡༤ ལུ་ ཕུན་ཚོགས་གླིང་ལས་ ཡེ་ཤེས་ཉོགས་སེལ་ལས་སྡེའི་བརྒྱུད་དེ་ སྒེར་འཁོར་༦ ནང་སྦེ་ ཐིམ་ཕུག་རི་བར་ས་ཡེཌ་ཟ་ཁང་ནང་ སྐྱེལ་འདྲེན་འབད་ནུག།
ཅ་དམ་འགོ་དཔོན་ཚུ་གིས་ ནང་འདྲེན་ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་ལུ་ དབྱེ་དཔྱད་འབདཝ་ད་ སྒེར་འཁོར་ཨང་བི་པི་-༡-ཨེ་༢༨༠༡ འབད་མི་དེ་ བྱང་ཆུབ་བིལ་ཌརསི་སྒེར་སྡེ་གི་ཨིན་རུང་ རིམ་ལུགས་ནང་ ཚོང་འབྲེལ་གྱི་ ཁ་གསལ་ཚུ་ལྟཝ་ད་ དངུལ་ཁང་གི་ རྩིས་ཁྲ་དེ་ བྱང་ཆུབ་ཊེ་ཌརསི་གི་ མིང་ཐོ་ལུ་ཡོད་མི་དེ་ ཟ་ཁང་གི་ཇོ་བདག་ དབང་ཕྱུག་ཨིན་པའི་ཁར་ སྒེར་འཁོར་ཨང་བི་པི་-༡-ཨེ་༡༩༣༠ འབད་མི་དེ་ པདྨ་རྣམ་རྒྱལ་གྱི་ཚ་བོ་ བཀྲིས་རྒྱ་མཚོ་གི་ཨིན་པའི་ མངོན་གསལ་བྱུང་མི་ལུ་བརྟེན་ བལྟ་དགོཔ་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
འདི་འབདཝ་ལས་ ཟ་ཁང་གི་ ཇོ་བདག་༢ ལུ་ ཁྲལ་དགོངས་ཡངས་ཐོབ་ཡོད་མིའི་སྐོར་ ཤེས་རྟོགས་ཡོད་ག་ཟེར་ དྲིས་བའི་ལན་ལུ་ པདྨ་རྣམ་རྒྱལ་གྱིས་འབད་བ་ཅིན་ ནང་འདྲེན་ཅ་ཆས་ཚུ་ ཕུན་ཚོགས་གླིང་ལས་ བཀྲམ་སྤེལ་བ་ ཡང་ཅིན་ ཡེ་ཤེས་ཉོགས་སེལ་ལས་སྡེའི་ ཁ་ཐུག་ལས་ སྐྱེལ་འདྲེན་འབད་མི་འཚོལ་ཏེ་ སྒེར་འཁོར་དེ་ཚུ་ནང་ སྐྱེལ་འདྲེན་འབད་བཅུག་བཅུགཔ་འོང་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *