ཁྲག་ཤུགས་ཀྱི་ནད་གཞི་ ལོ་ན་རྒས་མི་ཚུ་གིས་ མངམ་ཐོབ་དོ་ཡོདཔ།

༉ རྒྱལ༌ཁབ༌ནང༌ ནད༌གཞི༌ ཚབས་ཆེན་༥ གི༌ རྒྱུ༌རྐྱེན༌ངོ༌ མ༌ཅིག༌ ཁྲག༌ཤུགས༌མཐོ༌དྲགས་དེ་ཨིནམ་བཞིན་དུ་ དེ་གིས་ སྤྱིར་བཏང་འབྲུག་མི་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ལོ་ན་རྒས་མི་ལུ་བརྟེན་ ནད་གཞི་དེ་ ཐོབ་དོ་ཡོདཔ་ཨིན་པས།
ཁྲག་ཤུགས་མཐོ་དྲགས་ལུ་བརྟེན༌ གུ༌རམ༌གྱི་ནད༌གཞི༌དང༌ མཁལ༌རྡོག༌གི་ནད༌གཞི༌ རྩ་བསྐུམ་ནད་གཞི་ དེ་ལས་ དབང་པོ་སྐྱོན་ཅན་གྱི་ ནད་གཞི་ལ་སོགས་པ་ཚུ་ཐོབ་དོ་ཡོདཔ་ད་ དེ་བཟུམ་གྱི་ནད་གཞི་དེ་ མང་ཤོས་ཅིག་ ལོ་ན་རྒས་པའི་སྐབས་ ཐོབ་དོ་ཡོདཔ་ཨིན་པས།
གསོ་བའི་སྙན་ཞུ་༢༠༡༧ ཅན་མ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་རྐྱངམ་གཅིག་ནང་ར་ མི་༡༢,༡༡༨ ལུ་ གུ་རམ་གྱི་ནད་གཞི་ཐོབ་ཡོད་ས་ལས་༣,༥༢༩ དེ་ཅིག་ ལོ་ན་རྒས་མི་ཚུ་ཨིནམ་ད་ ཁྲག་ཤུགས་ཀྱི་དཀའ་ངལ་དེ་ ལོ་ན་རྒས་པའི་སྐབས་ འབྱུང་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་འབད་བ་ཅིན་ དེ་བཟུམ་གྱི་ནད་གཞི་ ཡར་འཕར་འགྱོ་མི་དེ་ རྒྱལ་ཡོངས་ཀྱི་ཚ་གྱང་ཅིག་ཨིནམ་ལས་ ནད་གཞི་དེ་ མར་ཕབ་འབད་ནིའི་དོན་ལུ་ གཞུང་དང་འབྲེལ་ཡོད་ལས་སྡེ་ཚུ་གིས་ སྲིད་བྱུས་དང་སྒྲིག་གཞི་ཚུ་ བརྩམ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ལོ་བསྟར་གསོ་བའི་སྙན་ཞུ་དང་འཁྲིལ་བ་ཅིན་ མ་གཞི་ སྤྱི་ལོ་༢༠༡༦ ལུ་ ལོ་ན་རྒས་མི་༡༢,༥༤༦ གིས་ ནད་གཞི་ཚབས་ཆེན་༥ པོ་དེ་ ཐོབ་ནུག་ཟེར་ཨིནམ་ད་ དེའི་གྲས་ལས་ཡང་ གུ་རམ་ནད་གཞི་ཐོབ་མི་དེ་ མཐོ་ཤོས་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ནུག།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ལམ་ལུགས་དང་འཁྲིལ་བ་ཅིན་ ལོ་ན་རྒས་མི་དེ་ སྐྱེས་ལོ་༦༠ ཡན་ཆད་འབད་མི་ཚུ་ཨིནམ་ད་ རྒྱལ་ཁབ་ནང་ཡང་ ལམ་ལུགས་དེ་ལུ་ གཞི་བཞག་དོ་ཡོདཔ་ལས་ ལོ་ན་རྒས་མི་དེ་ སྐྱེས་ལོ་༦༠ ལས་ཡན་ཆད་འབད་མི་ཚུ་ལུ་ གོཝ་ཨིན་པས།
ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་ རྟེན་འབྲེལ་བཟང་པོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཁྲག་ཤུགས་མཐོ་དྲགས་ཡོད་མི་དེ་ བཞེས་སྒོ་ལུ་བརྟེན་བྱུངམ་ཨིན་ཟེར་ཨིནམ་ད་ དེ་ཡང་ འབྲུག་མི་མང་ཤོས་ཅིག་གིས་ ཧུམ་དང་ ཚྭ་གི་རིགས་ མངམ་བཟའ་ནི་དེ་གིས་ཨིན་ཟེར་ཨིན་པས།
ཧུམ་གྱི་རིགས་དེ་ ཕག་ཤ་དང་ མར་ དེ་ལས་ དར་ཚིལ་ལ་སོགས་པ་ཚུ་ལས་ ཐོབ་དོ་ཡོདཔ་ད་ དེ་ལུ་ འབྲུག་མི་ཚུ་གིས་ ལག་ལེན་རྒྱ་ཆེ་དྲགས་སྦེ་ར་ འཐབ་དོ་ཡོདཔ་མ་ཚད་ ཚྭ་གི་རིགས་ཡང་ ཤུགས་སྦེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རྟེན་འབྲེལ་བཟང་པོ་གིས་ སླབ་མིའི་ནང་ མ་གཞི་ ཧུམ་གྱི་རིགས་ཚུ་ ལག་ལེན་འཐབ་རུང་ དེའི་ཤུལ་ལས་ ལུས་སྦྱོང་ཚུ་དུས་དང་དུས་སུ་འབད་བ་ཅིན་ གཟུགས་ཁར་ལས་ ཧུམ་བཞུ་ནིའི་གོ་སྐབས་ཡོད་རུང་ འབྲུག་མི་མང་ཤོས་ཅིག་གིས་ ལུས་སྦྱོང་འབད་ནི་ལུ་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིན་པས།
ལོ་ན་རྒས་པའི་སྐབས་ ཁྲག་ཤུགས་ཀྱི་ནད་གཞི་ མངམ་ཐོབ་མི་དེ་ གཟུགས་ཁར་ཉམ་བཞུ་ནིའི་ ཁེ་རྒོ་མེདཔ་ལས་ དེ་གིས་ གཟུགས་ཀྱི་འབྱུང་བ་༤ གི་རིགས་ག་ར་ལུ་ གནོདཔ་བཀལ་ཏེ་ ནད་གཞི་ལུ་ འགྱུར་ནི་ཡོདཔ་ལས་ ལོ་ན་རྒས་པའི་སྐབས་ བཞེས་སྒོ་ག་ཐོབ་བཟའ་ནི་ཡང་ ཚད་འཛིན་འབད་དགོ་ཟེར་ རྟེན་འབྲེལ་བཟང་པོ་གིས་ བཤད་ཅི།
ད་རེས་ རྒྱལ་ཁབ་ཡར་རྒྱས་འགྱོ་མི་དང་བསྟུན་ རྒྱལ་ཁབ་ནང་ བཟའ་འཐུང་གི་རིགས་ ག་བཟུམ་ཡང་ ཐོབ་དོ་ཡོདཔ་ལས་ འབྲུག་མི་མང་ཤོས་ཅིག་གིས་ ཧུམ་ཡོད་པའི་བཞེས་སྒོ་ཚུ་ ལག་ལེན་འཐབ་དོ་ཡོདཔ་རུང་ དེ་དང་བསྟུན་པའི་ལུས་སྦྱོང་དང་ ཁེ་རྒོ་བཏོན་དགོ་པའི་ ལཱ་འབད་ནི་མེདཔ་ལས་ ནད་གཞི་མ་འདྲཝ་ཚུ་ ཐོབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *