ཁྲག་གི་སྦྱིན་པ་ལས་ལྷག་པའི་ དགེ་བ་གཞན་མེདཔ།

༉ རང་གི་གཟུགས་ཁའི་ ཁྲག་ཁམས་ཀྱི་སྐོར་ལས་ གོ་བརྡ་ལེགས་ཤོམ་མ་ཐོབ་མི་གིས་ གཟུགས་ཁར་ལས་ ཁྲག་བཙག་སྟེ་ གཞན་ལུ་བྱིན་པ་ཅིན་ ལོ་ན་རྒས་པའི་སྐབས་ མགུ་ཡུ་འཁོར་ནི་དང་ རྐང་ཚིགས་ལག་ཚིགས་ན་ནི་ སྐེདཔ་ན་ནི་ཚུ་ གཞན་དང་ཕྱདཔ་ད་ མང་སུ་ཐོབ་ཨིན་ཟེར་ སླབ་མི་དེ་ གསོ་བའི་ཁ་ཐུག་ལས་འབད་བ་ཅིན་ མ་བདེན་པའི་ ལོ་རྒྱུས་ཅིག་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ གཟུགས་ཁར་ལས་ ཁྲག་བཙགཔ་བཞིན་དུ་ ཁྲག་གསརཔ་བཏགས་ཏེ་ ཁྲག་ཁམས་ལེགས་བསྒྱུར་དང་ སྤུས་གཙང་འགྱོ་བའི་ཁར་ ཁྲག་ལུ་བརྟེན་པའི་ ནད་གཞི་ཚུ་ཡང་ འཐོབ་ནིའི་ཉེན་ཁ་མེདཔ་ཨིན་མས།
དེ་འབདཝ་ལས་ བདུན་ཕྲག་འདི་གི་ རེས་གཟའ་ཕུར་བུ་ལུ་ རྒྱལ་ས་ལྟེ་བའི་ ཆུ་ཚོད་འཁོར་ལོ་གི་ ཀ་ཆེན་ས་ཁོངས་ནང་སྦེ་ འཛམ་གླིང་ཁྲག་གི་ཞལ་འདེབས་ཉིནམ་ བརྩི་སྲུང་འབད་བའི་སྐབས་ ཁྲག་ཁམས་སྐོར་ལས་ ཤེས་རྟོགས་ཡོད་མི་ བརྒྱ་ལས་བཅད་མི་ཚུ་གིས་ གཞན་ཕན་བྱང་ཆུབ་ཀྱི་ སེམས་བསྐྱེད་བཟང་པོའི་ཐོག་ལས་ ཁྲག་གི་ཞལ་འདེབས་ནང་ བཅའ་མར་གཏོགས་ཡོདཔ་ཨིན།
ཉིནམ་བརྩི་སྲུང་ནང་ ཁྲག་གི་ཞལ་འདེབས་བྱིན་མི་ ཁས་བླངས་པ་༡༨༠ འོང་མིའི་གྲས་ལས་ མི་ངོམ་༡༠༩ གིས་ ཞལ་འདེབས་བྱིན་ཡོདཔ་ད་ གཞན་མི་༧༡ གནས་སྐབས་ཅིག་གི་དོན་ལུ་ བསྣར་འགྱངས་འབད་དགོཔ་བྱུང་མི་དེ་ཡང་ ཁྲག་ཤུགས་ཉུང་མི་དང་ ཧེ་མོ་གོ་ལོ་བིན་ཟེར་མི་ ཁྲག་ཤུགས་དམརཔོ་དེ་ ཚད་གཞི་ལས་ དམའ་སུ་སྦེ་ ཡོད་ནི་དེ་གིས་ཨིན་མས།
འདི་བཟུམ་མའི་ ཁྲག་གི་ཞལ་འདེབས་ལས་རིམ་དེ་ བཀང་ལུང་དང་ ཕུན་ཚོགས་གླིང་ དེ་ལས་ རྩི་རང་རྫོང་ཁག་ཚུ་ནང་ཡང་ འགོ་འདྲེན་འཐབ་ནུག།
བཀང་ལུང་ལུ་འབད་བ་ཅིན་ ཁྲག་གི་ཞལ་འདེབས་བྱིན་མི་ ཁས་བླངས་པ་༡༠༠ ཐོན་མིའི་གྲས་ལས་༦༩ རྐྱངམ་གཅིག་གིས་ ཞལ་འདེབས་བྱིན་ཚུགས་ནུག།
དེ་བཟུམ་སྦེ་ རྩི་རང་དང་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ ཁས་བླངས་པ་༥༠ རེ་ ཐོན་ཡོདཔ་ཨིན་རུང་ མི་ངོམ་༤༠ དང་༣༥ གིས་མ་གཏོགས་ གཞན་ཚུ་ ཚད་གཞི་དང་ མ་མཐུན་ནི་དེ་གིས་ ཞལ་འདེབས་བྱིན་མ་ཚུགས་པས།
གསོ་བའི་ལྷན་ཁག་གིས་ དུས་རྒྱུན་དུ་ ཁས་བླངས་ཐོག་ལས་ ཁྲག་གི་ཞལ་འདེབས་བྱིན་མི་༡༩ ལུ་ ངོས་འཛིན་ལག་ཁྱེར་ཚུ་ བྱིན་ཡོདཔ་མ་ཚད་ ལས་སྡེ་༥ ལུ་ཡང་ ཁྲག་གི་ཞལ་འདེབས་ལས་རིམ་ འགོ་འདྲེན་འཐབ་ཡོད་པའི་ ངལ་རངས་ལག་ཁྱེར་ཚུ་ བྱིན་ཡི།
རྒྱལ་ཁབ་ནང་ སྣུམ་འཁོར་དང་འབྲེལ་བའི་ གློ་བུར་གྱི་ ཐུག་རྐྱེན་ཚུ་བྱུང་བའི་སྐབས་ གནོད་སྐྱོན་བྱུང་མི་ཚུ་གི་དོན་ལུ་ དང་པ་ར་ སྲོག་སྐྱབས་དོན་ལས་ གློ་བུར་དུ་ ཁྲག་གི་དགོས་མཁོ་བྱུངམ་ཨིན་མས།
དེ་ལས་ འབུ་ནི་མེད་པའི་ནད་གཞི་ཀེན་སར་དང་ མཁལ་རྡོག་ དེ་ལས་ མཆིན་པའི་ནད་གཞི་ཐོབ་མིའི་གྱངས་ཁ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དང་བསྟུན་ ཁྲག་གི་དགོས་མཁོ་དེ་ཡང་ རང་བཞིན་གྱིས་ ཡར་སེང་འགྱོཝ་ཨིན་མས།
དེ་འབདཝ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སྨན་ཁང་ཚུ་ནང་ ལོ་ཨ་རྟག་ར་ སྤྱིར་སྙོམས་ལུ་ ཁྲག་ཡུ་ནིཊ་༡༠,༠༠༠ དེ་ཅིག་ དགོས་མཁོ་བྱུང་མི་ལུ་ལྟཝ་ད་ རྒྱལ་ཁབ་ཀྱི་ མི་འབོར་ལས་ བརྒྱ་ཆ་༡ ལས་༢ དེ་ཅིག་ཨིན་མས།
གསོ་བའི་བརྟག་དཔྱད་དང་འཁྲིལ་རུང་ དུས་རྒྱུན་དུ་ ཁྲག་གི་སྦྱིན་པ་བཏང་མི་ཚུ་གི་ ཁྲག་ཁམས་ལུ་བལྟ་བ་ཅིན་ མི་གཞན་གྱི་ཁྲག་དང་ཕྱདཔ་ད་ སྤུས་གཙང་ཡོད་པའི་ཁར་ ཁྲག་ལུ་བརྟེན་པའི་ ནད་གཞི་ཚུ་ཡང་ མེད་ནི་དེ་གིས་ ཉེན་སྲུང་དང་ལྡནམ་སྦེ་ ཡོདཔ་ཨིན་མས།
ནང་པའི་ཆོས་ཀྱི་ ཁ་ཐུག་ལས་འབད་རུང་ རང་གི་གཟུགས་ཁར་ལས་ ཁྲག་བཙག་སྟེ་ ནདཔ་ཚབས་ཆེན་ཅིག་ལུ་ བྱིན་པ་ཅིན་ མི་ལུས་རིན་པོ་ཆེ་ སྲོག་སྐྱབས་འབད་བའི་དགེ་བ་ དེ་ལས་ལྷགཔ་ཅིག་ གཞན་མེདཔ་ལས་ ཆོས་སེམས་ཅན་གྱི་ འབྲུག་མི་ག་ར་གིས་ ད་ལས་ཕར་ ཁས་བླངས་ཐོག་ལས་ དུས་དང་དུས་སུ་ ཁྲག་གི་སྦྱིན་པ་གཏང་བའི་ རེ་བ་ཡོད་ཟེར་ ཞུ་ནི་ཨིན།

About admin

Check Also

གྲུབ་འབྲས་དོན་སྨིན་འབྱུང་ནིའི་དོན་ལུ་ མ་རྩ་གཞི་བཙུགས།

༉ ནད་ཡམས་ཀོ་བིཌ་-༡༩ འི་ གློ་བུར་འཆར་གཞི་གི་ ཡན་ལག་བཟུམ་ཅིག་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ བཟའ་འཐུང་དང་སོ་ནམ་ལས་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ལས་ སོ་ནམ་ལས་ཁུངས་ཀྱི་འོག་ལུ་ ཁྲོམ་སྡེ་སོ་ནམ་ལས་འགུལ་ གཞི་བཙུགས་འབད་མི་དེ་ ལེགས་ཤོམ་མ་འགྱོཝ་བཟུམ་ཅིག་འདུག། འདས་པའི་ལོའི་ སྤྱི་ཟླ་༥ པའི་ནང་ …

Leave a Reply

Your email address will not be published. Required fields are marked *