ཁྱེད་རའི་ རྒྱལ་ཡོངས་ཚོགས་སྡེ་གི་ འདེམས་ངོ་ཤེས་དགོཔ།

དབང་འདུས་ཕོ་བྲང་།

 

ཟླ་བ་ཚེ་རིང་།
སྐྱེས་ལོ་ ༣༠

གཡུས་ རུ་ཀུ་སྦྱིས།
རྒེད་འོག་ སྲས་ཕུག།
ཤེས་ཚད་ སྐད་ཡིག་དང་ ལམ་སྲོལ་སློབ་སྦྱོང་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ མགྲོན་སྐྱོང་འགོ་དཔོན་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལས་རིམ་བཟོ་མི་དང་ གསལ་སྟོན་འབད་མི་ དེ་ལས་ མ་ལེ་ཤི་ཡ་དང་ སིངྒ་པུར་གྱི་ ལྟ་བཤལཔ་ཚོང་བསྒྲགས་འགོ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ད་ལྟོ་ མི་ཚུ་མགུ་འཐོམ་ཡོདཔ་ལས་ བཅའ་མར་གཏོགས་མི་དེ་ ཁྲིམས་དང་སྲིད་བྱུས་ དེ་ལས་ འཆར་གཞི་བཟོ་མི་དང་ བསྐྱར་ཞིབ་འབད་མི་ འཕྲི་སྣོན་འབད་མི་ཚུ་ མི་ཚུ་དང་ ལྷག་པར་དུ་ མཐའ་ཟུར་གནས་ཚད་ཀྱི་ མི་ཚུ་གིས་ ཧ་གོ་ཚུགསཔ་ བཟོ་ཐབས་ལུ་ཨིནམ་ད་ དབང་འདུས་རྫོང་ཁག་དེ་ རྫོང་ཁག་སྦོམ་ཤོས་ཅིག་ཨིན་རུང་ ཧེ་མར་ རྒྱལ་ཡོངས་ཚོགས་སྡེ་ཚུ་ནང་ བཅའ་མར་གཏོགས་མི་ འདེམས་ངོ་ལེ་ཤ་མེདཔ་ལས་ མི་ཚུ་ལུ་ གདམ་ཁ་བྱིན་ནི་དང་ འབྲུག་རྒྱང་བསྒྲགས་ནང་ ལས་རིམ་གསལ་སྟོན་པ་སྦེ་ ཕྱག་ཞུ་བའི་སྐབས་ ཨ་རྟག་ར་ སྤྱི་ཚོགས་ཀྱི་སྐོར་ལས་ མི་མང་ལུ་ བརྡ་དོན་སྤྲོད་མི་དེ་ ཉམས་མྱོང་ཅིག་ཨིནམ་མ་ཚད་ དེ་གིས་ མི་ཚུ་གི་ ངོ་ཚབ་དང་ སྲིད་བྱུས་བཟོ་མི་ཚུ་གི་ འགན་ཁུར་ཚུ་ ཧ་གོ་ནི་ལུ་ ལྷན་ཐབས་བྱུང་ཡི།

པ་སངས་འཕྲིན་ལས།
སྐྱེས་ལོ་ ༥༨

གཡུས་ ཤར་ཝ་ཆས།

རྒེད་འོག་ སྦྱེ་ནག།

ཤེས་ཚད་ དམག་སྡེ་ཚན་རིག་ནང་ ཐབས་བྱུས་ནང་ གཙུག་ལག་ཤེས་ཚད་ཡོད།

ཉམས་མྱོང་ འགག་སྡེའི་འགོ་འཛིན་བགྲེསཔ་དང་ སྤྱི་ཚོགས་ཀྱི་འཐུས་མི་ དེ་ལས་ ཨཱས་ཊེ་ལི་ཡ་ལུ་ སྒེར་སྡེའི་སྲུང་རྒྱབ་འགོ་དཔོན་འབད་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? མི་ཚུ་གིས་ ང་ལུ་ ཚོགས་རྒྱན་བཙུགས་དགོ་མི་དེ་ ང་ར་དྲང་བདེན་དང་ མི་ཕྲང་ཏང་ཏ་ཅིག་ འབད་ནི་དེ་གིས་ཨིནམ་ད་ ང་གིས་ རྩ་བ་གསུམ་ལུ་ དམ་ཚིག་དཔང་བཙུགས་ཐོག་ལས་ ཕྱག་ཞུ་ནི་དང་ སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ ལོ་༥ འི་རིང་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ ང་ལུ་ མི་ཚུ་གི་ རེ་འདོད་ཚུ་ ཧེ་མ་ཨིནམ་ལས་ སྤྱི་ཚོགས་ནང་ མི་ཚུ་གི་ བསམ་འཆར་ཞུ་ནིའི་ནང་ དོགས་པ་དང་ ཐེ་ཚོམ་ག་ནི་ཡང་མེད་པར་ རྩ་འགེངས་ཕྱག་ཞུ་ཡོདཔ་བཞིན་དུ་ ཁོང་གི་དོན་ལུ་ གཞུང་དང་ མི་སེར་གྱི་བར་ན་ ཟམ་བཟུམ་སྦེ་ ཕྱག་ཞུ་ནི་དེ་ ང་འོས་ལྡན་གྱི་ མི་ངོ་ཅིག་ཨིན།

ར་བྲག་དབང་ཕྱུག།
སྐྱེས་ལོ་ ༢༧

གཡུས་ དབང་འདུས་ཁྲོམ།
རྒེད་འོག་ བ་འཇོ་ཁྲོམ།
ཤེས་ཚད་ འཛིན་སྐྱོང་འཕྲུལ་རིག་ནང་ ཚན་རིག་གི་ མཐོ་རིམ་ཤེས་ཚད་དང་ བཟོ་བཀོད་འབྲེལ་གཏོགས་དང་ འཛིན་སྐྱོང་ནང་ མཁས་མཆོག་གི་ ཤེས་ཚད་ཡོད།
ཉམས་མྱོང་ བཟོ་བཀོདཔ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་ར་ བཟོ་བཀོདཔ་ཅིག་འབདཝ་ལས་ མི་སྡེ་ལུ་གནོད་པའི་ མི་དང་རང་བཞིན་གནས་དང་འབྲེལ་བའི་རྐྱེན་ངན་ སྲིད་བྱུས་ལ་སོགས་པ་ཚུ་གི་སྐོར་ ཤེས་ཚུགསཔ་ལས་ ང་གིས་ གདོང་ལེན་དེ་ཚུ་ ངེའི་གསར་གཏོད་དང་ ཡུན་བརྟན་གྱི་ དམིགས་ཡུལ་ཚུ་གི་ཐོག་ལས་ བསལ་ཐབས་འབད་ནི་ བཟོ་སྐྲུན་དེ་གིས་ ང་བཅས་རའི་ རྒྱལ་ཡོངས་ཀྱི་དཔལ་འབྱོར་ནང་ ཕན་ཐོགས་སྦོམ་ འབྱུང་ནི་ཨིནམ་བཞིན་དུ་ དཔལ་འབྱོར་གྱི་ ལས་ཚན་གཞན་བཟུམ་སྦེ་ བཟོ་སྐྲུན་གྱི་ ལས་སྣ་ཚུ་ཡང་ རྒྱལ་ཁབ་ནང་ རྒྱ་ཆེཝ་སྦེ་ ཁ་གཏོར་ཏེ་ཡོད་མི་ལུ་བརྟེན་ རྒེད་འོག་དང་ ཁྲོམ་སྡེ་ཚུ་ནང་ ཡུན་བརྟན་གྱི་ སྤུས་ཚད་ཅན་གྱི་ བཟོ་སྐྲུན་སྤྲོད་ནི་ ཁེ་ཏོག་ཏོ་གི་ ཁེ་ཕན་ལུ་བལྟ་སྟེ་ སྤུས་ཚད་ལྡན་པའི་ བཟོ་སྐྲུན་དེ་ སྣང་མེད་སྦེ་ བཞག་ནིའི་དོན་ལུ་ ཁྲིམས་ལེགས་ཤོམ་དགོཔ་ཨིན།

བཀྲིས་རྡོ་རྗེ།
སྐྱེས་ལོ་ ༣༦

གཡུས་ ཨེ་མགོ་མཁའ།

རྒེད་འོག་ རུས་སྦལ་ས།
ཤེས་ཚད་ རྒྱལ་སྤྱི་ལས་འབྲེལ་ནང་ གཙུག་ལག་ཤེས་ཚད་ཡོད།
ཉམས་མྱོང་ སྤྱི་ཚོགས་ཀྱི་ འཐུས་མི་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དེ་ལས་ སྒེར་སྡེའི་ལྟ་བཤལ་ལས་སྡེ་དང་ མགྲོན་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? མི་ཚུ་གིས་ བློ་གཏད་ཚུགས་པའི་ ངོ་ཚབ་དང་ ཁོང་གི་ དཀའ་ངལ་ཚུ་ ཤེས་རྟོགས་ཡོད་མི་དང་ བསལ་ཐབས་འབད་ནིའི་ རེ་འདོད་ཡོད་མི་ ཕན་ཐོགས་པའི་ འཆར་གཞི་ཡོད་མིའི་མི་ངོ་ཚུ་ བལྟ་དོ་ཡོདཔ་ལས་ ང་ར་དེ་གི་དོན་ལས་ གྲ་སྒྲིག་ཡོདཔ་ད་ དེ་བཟུམ་སྦེ་ དབང་འདུས་ཀྱི་ མི་ཚུ་གིས་ དགོ་ཟེར་བའི་ ཚོགས་རྒྱན་མཐོ་ཤོས་བཙུགས་ཏེ་ འདེམས་ངོ་སྦེ་ ང་གདམ་འཐུ་འབད་ནི་དེ་གིས་ ཁོང་གིས་ དོགས་པ་ག་ནི་ཡང་མེད་པར་ ང་ལུ་བློ་གཏད་ཡོད་མི་དེ་ གསལ་སྟོན་འབད་ཡོདཔ་ད་ སྲིད་བྱུས་དང་ སྲིད་འབྲེལ་རིག་པའི་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་མི་ལུ་བརྟེན་ ད་རུང་ ཁོང་གི་ངོ་ཚབ་སྦེ་ དད་དམ་ལྷད་མེད་ཀྱི་ཐོག་ལས་ ཕྱག་ཞུ་ནིའི་ ཁས་བླངས་ཡོད།

འཕྲིན་ལས།
སྐྱེས་ལོ་ ༣༤

གཡུས་ ཝན་ཇོ་ལྷ།

རྒེད་འོག་ ཐེད་ཚོ།

ཤེས་ཚད་ གློག་འཕྲུལ་བཟོ་རིག་ནང་ ཌིབ་ལོ་མའི་ ཤེས་ཚད་དང་ གློག་མེ་འཕྲུལ་རིག་དང་ གློག་འཕྲུལ་བཟོ་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ གཞུང་དང་ལས་འཛིན་ དེ་ལས་ སྒེར་སྡེ་ཚུ་ནང་ བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? མི་ཚུ་གིས་ ཁོང་གི་ངོ་ཚབ་སྦེ་ རྩ་བ་གསུམ་ལུ་ ཕྱག་ཞུ་ཚུགས་པའི་ འོས་ལྡན་གྱི་ འདེམས་ངོ་གདམ་ཁ་རྐྱབ་དགོཔ་དེ་ ཁག་ཆེ་ནི་ཨིནམ་བཞིན་དུ་ ངོས་ལྡན་གྱི་ ངོ་ཚབ་དེ་ མི་ཚུ་གི་ མཐའ་དོན་བལྟ་མི་དང་ ཁོང་གི་ འགན་ཁུར་ལུ་ དམ་ཚིག་ཡོད་མི་དེ་ཨིནམ་ལས་ ཁོ་གིས་ མི་ཚུ་གི་ རེ་འདོད་ཚུ་ འགྲུབ་དགོ་ཟེར་ཨིནམ་ད་ མི་ཚུ་གིས་ ལྕོགས་གྲུབ་དེ་ཚུ་ཡོད་མི་ འདེམས་ངོ་གདམ་ཁ་འབད་དགོ་ཟེར་ མནོཝ་བཞིན་དུ་ ག་དེམ་ཅིག་སྦེ་ ང་བཙག་འཐུ་འགྲུབ་པ་ཅིན་ དམ་ཚིག་དཔང་བཙུགས་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཨིན།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *