ཁྱེད་རའི་ རྒྱལ་ཡོངས་ཚོགས་སྡེ་གི་ འདེམས་ངོ་ཤེས་དགོཔ།

རྩི་རང་།

ལོག་ནཱཐ་ ཏི་ཝ་རི།
སྐྱེས་ལོ་ ༣༡

གཡུས་ དབང་ཐང་གླིང་།

རྒེད་འོག་ ཕུན་བརྟན་ཆུ།

ཤེས་ཚད་ གློག་འཕྲུལ་དང་ བརྡ་དོན་ལམ་ལུགས་ནང་ ཚན་རིག་གི་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ སོ་ནམ་པ་འབད་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་ར་ གཡུས་ཚན་ཆུང་ཀུ་འདི་ནང་ར་ སྡོད་ཡོད་པའི་ཁར་ གཞི་རིམ་གྱི་ ཤེས་ཡོན་ཚུ་ཡང་ འདི་ནང་ལས་ར་ སྦྱངས་ཡོདཔ་ད་ གཉིས་པའི་ཐད་ཁར་ ང་ར་ ཤེས་ཡོན་ཅན་གྱི་ སོ་ནམ་ཨིནམ་ལས་ རྩི་རང་གི་ མི་སེར་ཚུ་ལུ་ བློ་གཏད་བྱིན་ཚུགས། ང་ར་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་ བསམ་འཆར་ཡོདཔ་ ཤེས་མི་ལུ་བརྟེན་ མི་སེར་ཚུ་གིས་ཡང་ ང་ལུ་ བློ་གཏད་ཡོད་མི་དེ་ གནད་དོན་འདི་ལུ་བརྟེན་ཨིན།

མིག་དམར་རྡོ་རྗེ།
སྐྱེས་ལོ་ ༣༠
གཡུས་ ས་གཙང་མ།
རྒེད་འོག་ དཀྱིལ་འཁོར་ཐང་།
ཤེས་ཚད་ རྒྱལ་སྤྱི་ཚོང་འབྲེལ་ནང་ གཙུག་ལག་ཤེས་ཚད་ཡོད།
ཉམས་མྱོང་ ཀུ་ཝེཌ་ལུ་ ཚོང་སྒྱུར་བཀོད་ཁྱབ་དང་ སོ་ནམ་པ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ གཞུང་དང་མི་སེར་གྱི་བར་ནའི་ ཁྲིམས་བསྐྱར་ཞིབ་ཀྱི་ འཆམ་ཁ་བཟོ་མི་ཨིནམ་ལས་ ང་ཡང་ འདི་ནང་ཕྱག་ཞུ་ནི་ཨིནམ་ད་ ལཱ་གཡོག་གི་དཀའ་ངལ་དང་ ཨམ་སྲུ་དང་ཨ་ལོའི་ཉེན་སྲུང་ དེ་ལས་ ཚོང་འབྲེལ་ལ་སོགས་པའི་ གནད་དོན་ཚུ་ སེལ་ཐབས་འབད་ནི་ལུ་ ཁྲིམས་དང་སྲིད་བྱུས་ཚུ་ བཟོ་ནི་དང་ བསྐྱར་ཞིབ་ཚུ་ནང་ དྭངས་གསལ་ངེས་བརྟན་བཟོ་ནི་ཨིན། དེ་ལས་ ཕྱུགཔོ་དང་སྤྱང་ཀ་བར་ན་ ཁྱད་པར་མེདཔ་བཟོ་ནི་དང་ གཙོ་རིམ་བཟུང་ཐོག་ལས་ ཁྲིམས་བཟོ་ནི་དང་ བསྐྱར་ཞིབ་འབད་ནི་དེ་ ཁག་ཆེ་ཤོས་ཅིག་ཨིན།
ལྟ་བཤལཔ་དེ་ རྒྱལ་ཁབ་ནང་ འོང་འབབ་ཀྱི་ ཐོན་ཁུངས་ངོ་མ་ཅིག་ཨིནམ་ལས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ སྐྱེ་ལྡན་ལྟ་བཤལ་གི་ གོ་སྐབས་བཟོ་ནི་དང་ སོ་ནམ་ལས་ཚན་གྱི་ཐད་ཁར་ སོ་ནམ་གྱི་ལག་ལེན་ ཡུན་བརྟན་གནས་ཐབས་ལུ་ འབྲུ་སྣ་ཉེན་སྲུང་དཔྱད་ཡིག་དེ་ ཁག་ཆེ་ནི་མས་ཟེར་མནོཝ་མས།

གནག་མདོག་རིན་ཆེན།
སྐྱེས་ལོ་ ༣༠

གཡུས་ བར་གཤོང་སྨད།

རྒེད་འོག་ བར་གཤོང་།

ཤེས་ཚད་ གཞི་རིམ་ཤེས་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ ཞི་གཡོགཔ་དང་ སློབ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ དམ་ཚིག་དཔང་བཙུགས་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་ ཁས་བླངས་ཡོད། ང་གིས་ ཁག་ཆེ་བའི་ ཁྲིམས་ཚུ་གི་ གོ་བརྡ་སྤྲོད་ནི་དང་ འབྲུག་གི་ རྩ་ཁྲིམས་ཆེན་མོའི་ དོན་ཚན་དང་འཁྲིལ་ ཁྲིམས་ཚུ་ བསྐྱར་ཞིབ་འབད་ནི་ཨིན།

ཉིམ་ཀརྨ་ཤེར་པ།
སྐྱེས་ལོ་ ༥༤
གཡུས་ ནད་མེད་ས།
རྒེད་འོག་ རང་ཐང་གླིང་།
ཤེས་ཚད་ སྤྱིར་བཏང་གི་ མཐོ་རིམ་ཤེས་ཚད་དང་ ཚོང་འབྲེལ་བདག་སྐྱོང་ནང་ གཙུག་ལག་ཤེས་ཚད་ཡོད།
ཉམས་མྱོང་ ཞི་གཡོགཔ་དང་ ཡུ་ནི་སེཕ་ སཱག་ སེ་བེག་ དེ་ལས་ རྒྱལ་ཡོངས་གྲོས་སྟོན་པ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? དམངས་གཙོ་དང་འབྲེལ་བའི་ སྤྱི་ཚོགས་ཀྱི་བྱ་སྒོ་ཚུ་ མཐར་འཁྱོལ་ཅན་སྦེ་ འགྱོ་ནི་ལུ་ ལྷན་ཐབས་འབད་དེ་ ག་དེ་དྲག་དྲག་ རྩ་འགེངས་ཕྱག་ཞུ་ནི་དང་ ང་གིས་ ཞི་གཡོགཔ་དང་ ཡུ་ནི་སི་ཨེཕ་ལ་སོགས་པ་ཚུ་ནང་ ལོ་ངོ་༣༠ དེ་ཅིག་གི་རིང་ ཕྱག་ཞུ་བའི་ ཉམས་མྱོང་ཚུ་ལུ་ གཞི་བཞག་པ་ཅིན་ རྩི་རང་གི་ མི་ཚུ་གིས་ ང་ལུ་ ཚོགས་རྒྱན་མི་བཙུགས་ནིའི་ དོགས་པ་མེད། མི་ཚུ་གིས་ ང་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ རྒྱུ་མཚན་དེ་ ང་གིས་ སྤྱི་ལོ་༢༠༠༨ ལུ་ རྒྱལ་རབས་ཅན་གྱི་ སྤྱི་ཚོགས་ཀྱི་བཙག་འཐུ་ནང་ བཅའ་མར་གཏོགས་ཡོདཔ་ལས་ སྤྱི་ཚོགས་ཀྱི་ གྲོས་ཆོད་བཟོ་ནིའི་ བྱ་སྒོའི་ལམ་ལུགས་ཚུ་ ཧ་གོ་ཡོད་པའི་ཁར་ དམ་ཚིག་དཔང་བཙུགས་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་ ཁས་ལེན་ཡོད་མི་ལུ་བརྟེན་ཨིན།

ར་མིཤ་ཆེ་ཏི་རི་ བཱན་ད་རི།
སྐྱེས་ལོ་ ༣༢

གཡུས་ རི་སེར་བུ་ཨེ།

རྒེད་འོག་ མནྜལ་སྒང་།
ཤེས་ཚད་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ སྒེར་སྡེ་ནང་ རྩིས་འཛིན་པ་དང་ ས་སྒའི་ཚོང་འབྲེལ་གྱི་ བར་ཚོང་རྐྱབ་མི་ དེ་ལས་ ལྟ་བཤལཔ་ལམ་སྟོན་པ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་ར་ ཨ་རྟག་ར་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ སེམས་ཀྱི་གདིང་ལས་ར་ ཕྱག་ཞུ་ནིའི་མནོ་བསམ་ཡོད། མཐོ་རིམ་སློབ་སྦྱོང་མཐར་འཁྱོལ་ཞིནམ་ལས་ སོ་ནམ་པ་སྦེ་ སྡོད་ཡོདཔ་ལས་ གཡུས་ཁར་ལུ་ མི་ཚེའི་དཀའ་སྡུག་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་པའི་ཁར་ ད་ལྟོའི་གནས་སྟངས་ནང་ སྟབས་མ་བདེཝ་དང་ དངུལ་འབྲེལ་ལ་སོགས་པའི་དཀའ་ངལ་ཚུ་ ཧ་གོ་ཚུགས་མི་ལུ་བརྟེན་ ང་གིས་ གནད་འགག་ཆེ་བའི་ འགན་ཁུར་འབག་ཚུགས་ཟེར་མནོཝ་མས། ང་གིས་ མི་ཚུ་གི་ དཀའ་ངལ་ཚུ་ ངོས་འཛིན་འབད་དེ་ སེལ་ཐབས་འབད་ནི་དང་ ཞིང་ལཱ་འབད་ནི་ལུ་ ལོག་སྟེ་ར་ སྤྲོ་བ་ཡོདཔ་བཟོ་ནི་ དེ་ལས་ སོ་ནམ་ཞིང་ལཱ་དེ་ མི་ཚུ་གི་དོན་ལུ་ གཙོ་བོ་ཅིག་ཨིནམ་ལས་ མི་ཚུ་ལུ་ ཧེང་སྐལ་ར་ སྤྲོ་བ་བསྐྱེད་བཅུག་ནི་དང་ ང་གིས་ ཞབས་ཏོག་དེ་ཚུ་ ལེགས་ཤོམ་སྦེ་ར་ སྤྲོད་ཚུགས་ཟེར་མནོཝ་མས།

སངས་རྒྱས་ཏ་མང་།
སྐྱེས་ལོ་ ༣༤
གཡུས་ མཚོ་གླིང་མཁར་སྟོད།
རྒེད་འོག་ མཚོ་གླིང་མཁར།
ཤེས་ཚད་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ ལྟ་བཤལ་ལས་སྡེ་ངོ་ཚབ་ ཟླཝ་༦ དང་ ལོ་༣ གྱི་རིང་ འཛིན་སྐྱོང་པ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ གཡུས་ཁར་སྡོད་ཐོག་ལས་ ཞིང་ལཱ་འབད་དེ་ ལོ་༣ ལྷག་ཙམ་ཅིག་ སོང་ཡོདཔ་ད་ ཨ་རྟག་ར་ མཐའ་ཟུར་གནས་ཚད་ཀྱི་ མི་ཚུ་ལུ་ཐོབ་མི་ དཀའ་སྡུག་ཚུ་ མྱོང་ཡོདཔ་བཞིན་དུ་ དེ་བཟུམ་མའི་ དཀའ་སྡུག་ཐོབ་མི་ཚུ་རྐྱངམ་གཅིག་གིས་ ཧ་གོ་ཚུགས་ནི་ཨིནམ་ལས་ མི་སྡེ་ལུ་ ཕྱག་ཞུ་ཚུགས་ནི་ཨིནམ་ད་ ང་ལུ་ ལཱ་འབད་ནི་དང་ མི་སེར་ཚུ་ལུ་ ལམ་སྟོན་བྱིན་ཚུགས་པའི་ ལྕོགས་གྲུབ་ཡོད། རྒྱལ་ཁབ་ཀྱི་ ཁྲིམས་སྒྲིང་སྒྲི་བཟོ་ནིའི་དོན་ལུ་ ང་གིས་ མི་ངོ་རྐྱང་དང་སྡེ་ཚན་ དེ་ལས་ མི་སྡེ་ཚུ་དང་གཅིག་ཁར་ ལཱ་འབད་ཚུགས་ནི་ཨིནམ་ལས་ ག་དེམ་ཅིག་སྦེ་ ང་ལུ་ གོ་སྐབས་བྱིན་པ་ཅིན་ འགོ་ཁྲིདཔ་ལེགས་ཤོམ་དང་ མི་སྡེ་ལུ་ དྲང་བདེན་གྱི་ ཞབས་ཏོག་སྤྲོད་མི་ དེ་ལས་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་སྦེ་དང་ རྩི་རང་རྫོང་ཁག་གི་ མཐའ་ཟུར་གནས་ཚད་ཀྱི་ མི་ཚུ་གི་ དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ དམ་ཚིག་དཔང་བཙུགས་ཏེ་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཨིན།

བསོད་ནམས་སྟོབས་རྒྱས།
སྐྱེས་ལོ་ ༢༩
གཡུས་ གསེར་གྱི་ཐང་སྟོད།
རྒེད་འོག་ གསེར་གྱི་ཐང་།
ཤེས་ཚད་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ འགོ་འདྲེན་པ་དང་ ལམ་སེལ་ལས་ཁུངས་ཀྱི་ ལག་ལེན་འགོ་དཔོན་ དེ་ལས་ ཧེའོ་སང་ལས་འཛིན་ནང་ འཛིན་སྐྱོང་པ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ མི་ཚུ་ལུ་ གོང་འཕེལ་དང་ ཞབས་ཏོག་ཚུ་ ངེས་བརྟན་སྤྲོད་ནི་དང་ མི་སྡེ་སྒྲིང་སྒྲི་བཟོ་ཐོག་ལས་ རྒྱལ་ཡོངས་དགའ་སྟོན་དང་ ས་གནས་ཁག་གི་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་བཅུག་ནི་དེ་ ངེའི་གཙོ་རིམ་ཅིག་ཨིནམ་ད་ ང་གིས་ ཐབས་ལམ་ཚུ་ལུ་མེན་པར་ དག་བཅོས་ཀྱི་ དྲང་ཁྲིམས་ལུ་ ཡིད་ཆེས་ཡོདཔ་ལས་ ང་གིས་ ཁོང་གི་ངོ་ཚབ་འབད་དེ་ མི་ཚུ་གིས་ གཞུང་གི་ཕྱག་འགན་ཚུ་ལུ་ འགན་འཁྲི་སྤྲོད་ནི་དང་ མི་རྒན་ཤོས་ཚུ་ལུ་ དབང་ཆ་བྱིན་ནི་ ངན་ལྷད་སྔོན་འགོག་གི་ཐབས་ལམ་ མི་མང་བདག་སྐྱོང་དང་ དངུལ་འབྲེལ་འཛིན་སྐྱོང་ ལེགས་བཅོས་འབད་ནི་ ཕྱོགས་ལྷུང་གི་ གནད་དོན་ཚུ་ མར་ཕབ་འབད་ནིའི་དོན་ལུ་ རྒྱལ་ཡོངས་གནས་ཚད་ཀྱི་ སྲིད་བྱུས་ཚུ་ བསྒྱུར་བཅོས་འབག་འོང་ནི་དེ་ ངེའི་གཙོ་རིམ་ཅིག་ཨིན།

ཏ་ར་བིར་ ཅུ་ཝན།
སྐྱེས་ལོ་ ༣༥

གཡུས་ གདངས་ར་བུ།
རྒེད་འོག་ དུང་ལ་སྒང་།
ཤེས་ཚད་ དཔལ་འབྱོར་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་ གྲངས་རྩིས་བཀོད་མི་ དེ་ལས་ བཟོ་སྐྲུན་འཛིན་སྐྱོང་དང་ ཚོང་འབྲེལ་པ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཐག་མ་བཅད་པའི་ཧེ་མ་ལས་ རྩི་རང་རྫོང་ཁག་གི་ ས་གནས་ག་རའི་ནང་ ལྟ་སྐོར་འབད་ཡོདཔ་ལས་ མི་སེར་གྱི་དཀའ་ངལ་དང་ ལོངས་སྤྱོད་མ་ཚུགས་པར་ལུས་མི་ དཔལ་འབྱོར་གྱི་ གོ་སྐབས་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་རྟོགས་འབྱུང་ནི་ལུ་ ཕན་ཐོགས་ཡོདཔ་ད་ མི་ཚུ་དང་ ལྷག་པར་དུ་ གཡུས་ཚན་ཚུ་ནང་ ཁེ་ཕན་གྱི་ གོ་སྐབས་བཟོ་མི་ འགོ་ཁྲིདཔ་དགོཔ་ལས་ ང་གིས་ འདས་པའི་ལོ་༧ དེ་ཅིག་རིང་ ང་རའི་གཡུས་ཁའི་མི་དང་ རྒེད་འོག་༡༢ ག་རའི་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ལཱ་འབད་ཡོད་མི་ལུ་བརྟེན་ རྫོང་ཁག་གི་ གོང་འཕེལ་ལས་སྣ་ཚུ་ནང་ ལྷན་ཐབས་འབད་མ་ཚུགས་པའི་ དོགས་པ་མེད།
གོ་སྐབས་གནང་པ་ཅིན་ རྩི་རང་གི་ དམ་ཚིག་ཡོད་མི་ ངོ་ཚབ་འབད་ནི་ཨིནམ་བཞིན་དུ་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་དོན་ལུ་ མི་ཕྱུགཔོ་དང་ སྤྱང་ཀའི་བར་ན་ ཁྱད་པར་མར་ཕབ་འབད་ནི་དེ་ ང་རའི་གཙོ་རིམ་ཨིན།

བཀྲིས་ནོར་བུ།
སྐྱེས་ལོ་ ༣༨

གཡུས་ སྤ་ཚར་གླིང་སྟོད།

རྒེད་འོག་ སྤ་ཚར་གླིང་།

ཤེས་ཚད་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ རྒྱ་གར་བེངྒ་ལོར་ལུ་ རྒྱལ་མང་ལས་སྡེ་ཅིག་ནང་ ངོ་ཚབ་དང་ ལྟ་བཤལ་ངོ་ཚབ་ཀྱི་འཛིན་སྐྱོང་པ་ དེ་ལས་ ལམ་སྟོན་པའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? རྩི་རང་རྫོང་ཁག་གི་ རྒེད་འོག་༡༢ ནང་ ལམ་སྲོལ་མ་འདྲཝ་ཚུ་ཡོད་རུང་ མི་ཚུ་ལུ་ རྒྱལ་ཁབ་ནང་ ཁག་ཆེ་བའི་ཁར་ ལྷག་པར་དུ་ གྲོས་ཆོད་དང་ ཁྲིམས་བཟོ་ནིའི་ནང་ ཁག་ཆེ་མི་ རྫོང་ཁག་ལྷབ་ནི་དང་ ཧ་གོ་ནི་ལུ་ དཀའ་ངལ་ཡོད་མི་ལུ་བརྟེན་ ཆེ་མཐོའི་ཁྲིམས་བཟོ་ལྷན་སྡེ་ནང་ ཁོང་གི་ངོ་ཚབ་ཅིག་འབདཝ་ལས་ མི་ཚུ་ལུ་ ཁྲིམས་དང་སྲིད་བྱུས་ཚུ་གི་ གོ་བརྡ་དང་ བརྡ་དོན་སྤྲོད་ནི་ཚུ་ནང་ ལེགས་ཤོམ་དགོཔ་ད་ ང་གིས་ རྒྱ་གར་བེངྒ་ལོར་ལུ་ རྒྱལ་མང་ལས་སྡེ་ཅིག་ནང་ ངོ་ཚབ་དང་ འབྲུག་ལུ་ ལྟ་བཤལ་ངོ་ཚབ་ཅིག་གི་ འཛིན་སྐྱོང་པ་ དེ་ལས་ ལམ་སྟོན་པ་འབད་བའི་ ལྕོགས་གྲུབ་ཡོདཔ་ལས་ མི་ཚུ་གིས་ ང་ལུ་ བློ་གཏད་དེ་ ཚོགས་རྒྱན་བཙུགས་གནང།

ཀྲོང་གསར།

མགོནམ་རྡོ་རྗེ།
སྐྱེས་ལོ་ ༤༡
གཡུས་ བསམ་ཆོས་གླིང་།
རྒེད་འོག་ བྲག་སྟེང་།
ཤེས་ཚད་ རང་བཞིན་གནས་སྟངས་བཟོ་རིག་ནང་ གཙུག་ལག་ཤེས་ཡོན་དང་ ཡུན་བརྟན་གོང་འཕེལ་གྱི་ རང་བཞིན་གནས་སྟངས་འཕྲུལ་རིག་ནང་ གཙུག་ལག་ཤེས་ཡོན་ རང་བཞིན་གནས་སྟངས་འཛིན་སྐྱོང་དང་ སྔར་སྲོལ་ཉམས་སྲུང་ནང་ མཐོ་རིམ་གོང་མ་ཌིབ་ལོ་མའི་ཤེས་ཚད་དང་ ནགས་ཚལ་ཚན་རིག་ནང་ ཌིབ་ལོ་མའི་ ཤེས་ཚད་ཡོད།
ཉམས་མྱོང་ མི་སྡེ་ནགས་ཚལ་དང་ རྒྱ་སྐྱེད་ལས་ཁུངས་ཀྱི་ ཤིང་བཙུགས་གོངམ་དང་ རྫོང་ཁག་ནགས་ཚལ་འགོ་དཔོན་ དེ་ལས་ གླིང་ག་ནགས་ཚལ་གླིང་འཛིན་པ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་ར་ ཁྱད་འཕགས་ཞབས་ཏོག་རྟགས་མ་དང་ ཧཱ་ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༠ བརྩི་སྲུང་ཞུ་བའི་སྐབས་ མི་དབང་མངའ་ཞབས་མཆོག་ལས་ རྒྱལ་ཡོངས་གཟེངས་ཐོན་དངུལ་གྱི་རྟགས་མ་ ཐོབ་ཡོདཔ་ད་ ཀྲོང་གསར་དང་ བསམ་རྩེ་རྫོང་ཁག་བདག་སྐྱོང་ནང་ ལོ་བཅུ་ཕྲག་ལྷགཔ་ཅིག་གི་རིང་ ནགས་ཚལ་འགོ་དཔོན་གོངམ་དང་ ཀྲོང་གསར་ལུ་ ལོ་༦ ལྷག་ཙམ་ཅིག་ ཕྱག་ཞུ་མི་ལུ་བརྟེན་ ཀྲོང་གསར་རྫོང་ཁག་གི་ རྒེད་འོག་ཚུ་ནང་གི་ གདོང་ལེན་དང་ མི་སྡེ་དཔལ་འབྱོར་གྱི་ གནས་སྟངས་ཚུ་ ཤེས་རྟོགས་བྱུང་ཡོདཔ་ད་ རྫོང་ཁག་གི་ ས་གནས་ག་ར་ ཤེས་རྟོགས་ཡོད་མི་དང་ མི་ཚུ་དང་གཅིག་ཁར་ ལཱ་འབད་ཡོད་མི་དེ་ ང་རའི་ནུས་སྟོབས་དང་ གོ་སྐབས་ཅིག་ཨིན།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *