ཁྱེད་རའི་ རྒྱལ་ཡོངས་ཚོགས་སྡེ་གི་ འདེམས་ངོ་ཤེས་དགོཔ།

བཀྲིས་སྒང་།

ཆོས་སྐྱིད་དབང་ཕྱུག།
སྐྱེས་ལོ་ ༥༣

གཡུས་ དགའ་གླིང་།
རྒེད་འོག་ གཤོང་ཕུག།
ཤེས་ཚད་ དཔལ་འབྱོར་ནང་ གཙུག་ལག་གི་ ཤེས་ཚད་ཡོད།

ཉམས་མྱོང་ ལེགས་སྦྱར་བ་དང་ འཕྲུལ་རིག་བསླབ་སྟོན་པ་ དེ་ལས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ རང་དབང་གི་ གྲོས་སྟོན་པ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ སློབ་སྟོན་པ་དང་ གོང་འཕེལ་གྱི་ལས་སྣ་ འཛིན་སྐྱོང་གི་ ལས་བྱེདཔ་སྦེ་ ཕྱག་ཞུ་བའི་སྐབས་ མི་སེར་ཚུ་གི་ རེ་འདོད་དང་ གདོང་ལེན་ག་ཅི་བཟུམ་ར་ བྱུངམ་ཨིན་ན་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས་ཡོདཔ་མ་ཚད་ ང་གིས་ གཞུང་དང་སྒེར་སྡེ་ དེ་ལས་ རྒྱལ་སྤྱིའི་ལས་ཚོགས་ ཆེ་འབྲིང་ཆུང་དང་ མཐའ་ཟུར་གྱི་ གནས་ཚད་ཚུ་ནང་ཡང་ ལཱ་འབད་ཡོདཔ་ལས་ དེ་ཚུ་གིས་ ལོ་ཚད་མ་འདྲཝ་གི་མི་དང་ རྒྱབ་ཁུངས་ཚུ་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་བཞག་ཡོད་པའི་ཁར་ གྲོང་གསེབ་དང་ ཁྲོམ་སྡེའི་སྣ་ཚོགས་དང་ མགུ་རྙོགས་དྲགས་ཀྱི་ གནད་དོན་ཚུ་ ཧ་གོ་ནི་ལུ་ ཧེང་སྐལ་ར་ ལྷན་ཐབས་བྱུང་ཡོདཔ་བཞིན་དུ་ ང་ལུ་ མཐོང་གསལ་ཆེ་བའི་ རྒྱལ་ཡོངས་ཀྱི་ གནད་དོན་གཙོ་བོ་ཚུ་ཐོབ་ནིའི་ གོ་སྐབས་བྱུང་ཡོདཔ་ཨིན།

འཇམ་དབྱངས།
སྐྱེས་ལོ་ ༣༡

གཡུས་ སྤམ།

རྒེད་འོག་ བསམ་མཁར།

ཤེས་ཚད་ གློག་རིག་ཀམ་པུས་ཊར་ལག་ལེན་ནང་ མཐོ་རིམ་གོང་མ་ཌིབ་ལོ་མའི་ ཤེས་ཚད་དང་ སྤྱིར་བཏང་གི་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ ཚོང་འབྲེལ་བཀོད་ཁྱབ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? མི་ཚུ་གིས་ ང་ལུ་ ཚོགས་རྒྱན་བཙུགས་དགོ་མི་དེ་ཡང་ ཁྲིམས་ལུ་བརྩི་བཀུར་བསྐྱེད་ཐོག་ལས་ མཐའ་ཟུར་གནས་ཚད་ཀྱི་ མི་ཚུ་ལུ་ ད་ལྟོ་ཡོད་པའི་ ཁྲིམས་དང་ སྲིད་བྱུས་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནི་ལུ་ དམིགས་གཏད་བསྐྱེད་མི་ལུ་བརྟེན་ཨིནམ་ད་ མི་སེར་གྱི་ ངོ་ཚབ་ཅིག་འབདཝ་ལས་ ཁོང་གི་དཀའ་ངལ་དང་ གདོང་ལེན་ཚུ་ལུ་ གཙོ་རིམ་བཟུང་ནི་ དེ་ལས་ ལོ་ན་གཞོནམ་དང་ ནུས་སྟོབས་ཅན་འབད་མི་ལུ་བརྟེན་ རེ་འདོད་ག་ཅི་ནང་འབད་རུང་ གྲུབ་འབྲས་ཅན་སྦེ་ མི་ཚུ་ལུ་ ཕྱག་ཞུ་ཚུགས་ཟེར་མནོཝ་མས།

ལྷ་ཀྲུ།
སྐྱེས་ལོ་ ༥༡
གཡུས་ ཀུ་རི་ཆི་ལོ།
རྒེད་འོག་ ཀླུ་མང་།
ཤེས་ཚད་ ཚོང་འབྲེལ་བདག་སྐྱོང་ནང་ གཙུག་ལག་ཤེས་ཚད་དང་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ ཚོང་འབྲེལ་འགོ་འཛིན་པ་དང་ ཚོང་འབྲེལ་ཞབས་ཏོག་གི་ འགོ་འཛིན་པ་ ལག་ལེན་འཛིན་སྐྱོང་པ་ སྤྱི་ཚོགས་ཀྱི་འཐུས་མི་ དེ་ལས་ གྲོས་སྟོན་པ་དང་ མདོ་ཆེན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ བཀྲིས་སྒང་དང་ རྒྱལ་ཁབ་ཀྱི་ ས་གནས་ག་རའི་ནང་ ལྟ་སྐོར་སོང་ཡོདཔ་ད་ ས་གནས་དང་ གཡུས་ཚན་སོ་སོའི་ མི་ཚུ་གི་ གནས་སྟངས་མ་འདྲཝ་ཚུ་ ཧ་གོ་ཚུགས་པའི་ ཉམས་མྱོང་དང་ ཤེས་ཡོན་དེ་ཚུ་ ག་ལུ་ཡང་མེདཔ་ངེས་བདེན་ཨིནམ་ད་ ང་ར་ཧེ་མ་ལས་ ཁྲིམས་བཟོ་ནི་དང་ བསྐྱར་ཞིབ་འབད་ནི་ ཉམས་མྱོང་སྣ་ཚོགས་ཀྱི་ཐོག་ལས་ མི་ཚུ་གི་ རེ་འདོད་ཚུ་ ཧ་གོ་ནིའི་ནང་ འབྲེལ་གཏོགས་ཡོདཔ་ལས་ སྤྱིར་བཏང་རྒྱལ་ཁབ་དང་ ལྷག་པར་དུ་ བཀྲིས་སྒང་གི་ མི་ཚུ་ལུ་ ཕྱག་ཞུ་ནིའི་དོན་ལུ་ ང་འོས་འབབ་ཡོདཔ་ད་ མ་འོངས་པར་ བློ་འགྱོད་མི་འོང་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འདེམས་ངོ་ག་རའི་ ལྕོགས་གྲུབ་ཚུ་ ལེགས་ཤོམ་སྦེ་ ཞིབ་འཚོལ་འབད་དེ་ ཚོགས་རྒྱན་བཙུགས་གནང་ཟེར་ ནན་སྐུལ་འབད་ནི་ཨིན།

པདྨ་དབང་དྲག།
སྐྱེས་ལོ་ ༣༡
གཡུས་ ཇོམོ་གཙང་།
རྒེད་འོག་ ཨུ་མཛོ་རོང།
ཤེས་ཚད་ ཚན་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ འཛིན་སྐྱོང་པ་དང་ ལམ་སྲོལ་ལམ་སྟོན་པ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? མི་སེར་ཚུ་གི་ རེ་འདོད་ཚུ་ ངེའི་གཙོ་རིམ་ཨིནམ་ད་ ང་ར་ སློབ་གྲྭ་ཆུང་བ་ལས་འགོ་བཙུགས་ མཐོ་རིམ་སློབ་གྲྭ་ཚུན་ ས་གོ་མ་འདྲཝ་ཚུ་ནང་ ལྕོགས་གྲུབ་ཅན་གྱི་ འགོ་ཁྲིདཔ་འབད་ཡོདཔ་མ་ཚད་ གཞུང་དང་མི་སེར་ལུ་ སྙིང་རྗེ་ཚད་མེད་ཀྱི་ཐོག་ལས་ ཕྱག་ཞུ་ཐབས་ལུ་ བདེ་སྲུངཔ་གི་ སྦྱོང་བརྡར་ཡང་ ལེགས་ཤོམ་སྦེ་ མཐར་འཁྱོལ་བྱུང་ཡོདཔ་ད་ ལག་ཁྱེར་གནས་ཚད་ཀྱི་ འགོ་ཁྲིདཔ་ལས་རིམ་ནང་ བཅའ་མར་གཏོགས་མི་དང་ འཛིན་སྐྱོང་པ་ དེ་ལས་ ལོ་༧ དེ་ཅིག་གི་རིང་ ལམ་སྲོལ་ལམ་སྟོན་པ་འབད་མི་ལུ་བརྟེན་ ལེགས་བཅོས་འབད་ཐོག་ལས་ ཤར་ཕྱོགས་ལུང་ཕྱོགས་ནང་ ལྟ་བཤལཔ་ལེ་ཤ་ འབག་ནིའི་དོན་ལས་ སེམས་ཤུགས་བསྐྱེད་བཅུག་ཅི། ང་ལུ་ སྡེ་ཚན་ལེ་ཤ་ཁྱིད་དེ་ རྒྱལ་ཁབ་ལེ་ཤ་ཅིག་ནང་ སོང་ཡོད་པའི་ ལྟ་རྒྱ་མཐོང་རྒྱ་ཡོདཔ་བཞིན་དུ་ ང་ར་ དམ་ཚིག་ཡོད་མི་དང་ བརྩོན་ཤུགས་ཅན་གྱི་ མི་ངོ་ཅིག་འབདཝ་ལས་ གཞུང་སྐྱོང་ལེགས་ལྡན་དང་ རྒྱལ་ཁབ་ཀྱི་ རང་དབང་དང་སྲུང་སྐྱོབ་ དེ་ལས་ མི་ཚུ་ལུ་ དགའ་སྐྱིད་དང་ཞི་བདེ་ངེས་བདེན་ཡོདཔ་བཟོ་ཐབས་ལུ་ ང་གིས་ བྱ་ལྟ་མི་བཟུམ་སྦེ་ཕྱག་ཞུ་སྟེ་ མི་སེར་ཚུ་གི་ རེ་འདོད་འགྲུབ་ནི་དེ་ ངེའི་ཁས་བླངས་ཨིན།

བསོད་ནམས་སྟོབས་རྒྱས་ཨར།
སྐྱེས་ལོ་ ༣༩

གཡུས་ ལང་བསྟན།

རྒེད་འོག་ ར་ལྡི།

ཤེས་ཚད་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ སློབ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? བཀྲིས་སྒང་གི་ འདེམས་ངོ་ཚུ་གི་གྲས་ལས་ སྟོབས་ཤུགས་ཅན་དང་ ཉམས་མྱོང་དང་གཅིག་ཁར་ ལོ་ན་རྒས་མི་དང་ གཞོན་ཤོས་༢ ཆ་རའི་སྡོ་ཚན་ནང་ མ་ཚུད་མི་ཅིག་ཨིནམ་ད་ བརྡ་དོན་དང་ མི་སྡེའི་རིག་རྩལ་དེ་ མི་སེར་ཚུ་གི་ ངོ་ཚབ་འབད་ནིའི་དོན་ལུ་ བཀག་ཐབས་མེདཔ་ཅིག་ཨིནམ་བཞིན་དུ་ ང་ར་ སློབ་དཔོན་འབད་ནི་དེ་གིས་ དེ་ལུ་ ལྕོགས་གྲུབ་ཡོདཔ་བཞིན་དུ་ མི་ཚུ་གི་ དགོས་མཁོ་མ་འདྲཝ་ཚུ་ཡང་ ཧ་གོ་ཚུགསཔ་ལས་ ང་གིས་ བཀྲིས་སྒང་གི་ མི་ཚུ་གི་ མགྲིན་ཚབ་འབད་ནིའི་ འོས་ལྡན་གྱི་ མི་ངོ་ཨིན་ཟེར་ མནོ་མི་ལུ་བརྟེན་ ང་ལུ་ མི་ཚུ་གི་ ཚོགས་རྒྱན་ཡང་ འོས་འབབ་ཡོད།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *