ཁྱེད་རའི་ རྒྱལ་ཡོངས་ཚོགས་སྡེ་གི་ འདེམས་ངོ་ཤེས་དགོཔ།

ཐིམ་ཕུག།

ལས་སྐྱིད་ཚེ་རིང་།
སྐྱེས་ལོ་ ༣༩

གཡུས་ མཚོ་ཆེན་ཁ།
རྒེད་འོག་ དགེ་བསྙེན།
ཤེས་ཚད་ ཤེས་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ སློབ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ?
ང་ར་ སློབ་དཔོན་སྦེ་ ཕྱག་ཞུ་བའི་ རྒྱབ་ཁུངས་ཡོདཔ་ལས་ བརྩི་མཐོང་ལེགས་ཤོམ་ སྤྲོད་ཚུགས་ནི་ཨིན་མི་ལུ་བརྟེན་ ང་གིས་ ཐིམ་ཕུག་གི་ མི་ཚུ་ལུ་ ང་ལུ་ ཚོགས་རྒྱན་བཙུགས་ནིའི་ གདམ་ཁ་བྱིན་ནི་ཨིནམ་ད་ ཁྲིམས་བཟོ་ནི་དང་ བསྐྱར་ཞིབ་ཚུ་ནང་ བཅའ་མར་གཏོགས་པའི་སྐབས་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ རང་དབང་ལུ་ གཙོ་རིམ་བཟུང་སྟེ་ དམ་ཚིག་དཔང་བཙུགས་ཐོག་ ཕྱག་ཞུ་ནི་ཨིནམ་མ་ཚད་ མི་དབང་མངའ་ཞབས་མཆོག་གི་ ཐུགས་དགོངས་དང་ མི་སེར་དང་ རྒྱལ་ཡོངས་ཀྱི་ རེ་འདོད་ཚུ་ འགྲུབ་ནི་ལུ་ ཕྱག་ཞུ་ནི་ཨིན། ང་གིས་ མི་སེར་གྱི་དཀའ་ངལ་ཚུ་ ངོས་འཛིན་འབད་དེ་ སེལ་ཐབས་འབད་ནི་དང་ རྒྱལ་ཁབ་དང་ མི་ཚུ་ལུ་ ཕྱག་ཞུ་ནིའི་དོན་ལུ་ དོགས་པ་མེདཔ་ལས་ ང་རང་ ཁྱེད་ཀྱི་བསམ་འཆར་བཀོད་མི་འབད་ནི་ཨིནམ་ལས་ ཁྱེད་ཀྱིས་ ཚོགས་རྒྱན་བཙུགས་ཏེ་ ང་ལུ་ གདམ་ཁ་མཛད་གནང་།

ཉི་མ་རྒྱལ་མཚན།
སྐྱེས་ལོ་ ༣༤
གཡུས་ ར་མ།
རྒེད་འོག་ ལྕང་།
ཤེས་ཚད་ མི་སྡེ་དང་ ཁྲིམས་དོན་ཚན་རིག་ནང་ མཐོ་རིམ་ཤེས་ཚད་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ འགོ་ཁྲིད་ལས་རིམ་གྱི་ ཤེས་ཚད་ཡོད།

ཉམས་མྱོང་ ལྟ་བཤལ་ལས་སྡེ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ?
ང་ར་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་འབད་མི་ལུ་ ཐིམ་ཕུག་གི་ མི་སེར་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ ཞུ་ནི་དང་གཅིག་ཁར་ ང་གིས་ འདས་པའི་ལོ་༥ ནང་ གཙུག་སྡེ་མ་འདྲཝ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ ཁྲིམས་བཟོ་ནིའི་ནང་ ཉམས་མྱོང་ཐོབ་མི་ཚུ་ ལག་ལེན་འཐབ་ནི་དང་ རྒྱལ་ཡོངས་ལུ་ ཁག་ཆེ་བའི་གནད་དོན་མ་འདྲཝ་ཚུ་གི་ ཁྲིམས་དང་སྲིད་བྱུས་ཚུ་ བཟོ་ནི་དང་ བསྐྱར་ཞིབ་འབད་ནིའི་ནང་ ཉམས་མྱོང་ཐོབ་ཡོདཔ་ལས་ དུས་ཚོད་མེད་མི་ལུ་བརྟེན་ འདས་པའི་ལོ་༥ འི་ནང་ མཇུག་བསྡུ་མ་ཚུགས་མི་ ཁག་ཆེ་བའི་ལཱ་ཚུ་ མཇུག་བསྡུ་ཚུགསཔ་འབད་ནི་ཨིན།

སངས་རྒྱས་ཚེ་རིང་།
སྐྱེས་ལོ་ ༢༨

གཡུས་ ཚ་ལུང་ནང་།
རྒེད་འོག་ སྨད་ཝང་།

ཤེས་ཚད་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ ལས་འཛིན་དང་ སྒེར་སྡེ་ཚུ་ནང་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ?
དགའ་སྐྱིད་ལྡན་པའི་ མི་སྡེ་དེ་ མི་སེར་ཚུ་གི་ བསམ་འཆར་ལུ་ ངོས་ལེན་ཡོད་པའི་ ཁྲིམས་དང་ སྲིད་བྱུས་ལེགས་ཤོམ་ཚུ་གིས་ བཟོ་ནི་ཨིནམ་ལས་ ང་གིས་ མི་ཚུ་ལུ་ གོང་འཕེལ་གྱི་ ཁྲིམས་ལ་སོགས་པ་ སྤྲོད་ཐོག་ལས་ གཞུང་དང་མི་སེར་གྱི་བར་ན་ བརྡ་དོན་གྱི་ ཟམ་བཟུམ་སྦེ་ ཕྱག་ཞུ་ནི་དང་ དེ་ཚུ་ ཁྱེད་ཀྱིས་ ཚོགས་རྒྱན་དང་གཅིག་ཁར་ འགོ་བཙུགསཔ་ཨིནམ་ལས་ སྤྱི་ལོ་༢༠༡༨ ལུ་ ཁྱེད་མི་སེར་ཚུ་གིས་ ཚོགས་རྒྱན་བསྒྱུར་བཅོས་འབད་དགོཔ་བཞིན་དུ་ ང་བཅས་ག་ར་གཅིག་རུབ་ཐོག་ འབད་ཚུགས་ནི་ཨིནམ་ལས་ ན་གཞོན་ཚུ་གིས་ འགན་ཁུར་དེ་ཚུ་འབག་ནིའི་ དུས་ཚོད་རན་ཡོདཔ་ད་ ང་བཅས་ཀྱིས་ གདོང་ལེན་འབད་ནི་ལུ་ གྲ་སྒྲིག་ཡོདཔ་ལས་ གཅིག་རུབ་ཀྱི་ཐོག་ལས་ ལཱ་འབད་དེ་ རྒྱལ་ཁབ་ལེགས་ཤོམ་ལུ་ བསྒྱུར་བཅོས་འབད་ཚུགས་པའི་ ཐབས་ལམ་ཚུ་ འབག་འོང་ནི་ཨིན།

ཚེ་དབང་རིག་འཛིན།
སྐྱེས་ལོ་ ༥༤
གཡུས་ ད་བཞི།
རྒེད་འོག་ ཀ་ཝང་།
ཤེས་ཚད་ ཤེས་རིག་བདག་སྐྱོང་ནང་ གཙུག་ལག་ཤེས་ཚད་ཡོད།
ཉམས་མྱོང་ གློག་རིག་ཀམ་པུས་ཊར་གྱི་ ལས་རིམ་བཟོ་མི་དང་ སློབ་དཔོན་དང་དབུ་འཛིན་ རྫོང་ཁག་ཤེས་རིག་འགོ་དཔོན་ དེ་ལས་ དྲུང་པ་དང་ རྫོང་བདག་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ?
མི་ཚུ་གི་ མི་ཚེའི་གནས་སྟངས་དང་ རྒྱལ་ཁབ་ནང བསྒྱུར་བཅོས་འབག་འོང་ནིའི་དོན་ལུ་ གདེམས་ངོ་ཚུ་ལུ་ རྒྱལ་ཁབ་ལུ་ གདོང་ལེན་བྱུང་དོ་ཡོད་པའི་ གནད་དོན་གཙོ་བོ་ཚུ་ནང་ ཤེས་ཡོན་དང་ ཉམས་མྱོང་དགོཔ་དེ་ ཁག་ཆེཝ་ཨིནམ་ད་ ང་གིས་ ལོ་༡༥ དེ་ཅིག་གི་རིང་ ས་གནས་གཞུང་ནང་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་ལུ་བརྟེན་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ གོ་སྐབས་བྱུང་ཡོདཔ་མ་ཚད་ ང་གིས་ མཐའ་ཟུར་གྱི་ མི་ཚུ་དང་གཅིག་ཁར་ ལཱ་འབད་མི་ལུ་བརྟེན་ ཁོང་ལུ་ གདོང་ལེན་ག་ཅི་བཟུམ་ར་ བྱུངམ་ཨིན་ན་དང་ ཁོང་གི་མི་ཚེའི་ནང་ བསྒྱུར་བཅོས་ག་ཅི་བཟུམ་ར་ དགོཔ་ཡོདཔ་ཨིན་ན་ཚུ་ ཤེས་ཚུགས་ཅི། ང་ར་ ཤེས་རིག་ནང་ ཡུན་རིངམོ་སྦེ་ ཕྱག་ཞུཝ་ལས་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་ཚུ་ ཤེས་ཚུགས་མི་ལུ་བརྟེན་ ན་གཞོན་དང་ རྒན་ཤོས་༢ ཆ་ར་ལུ་ བསྒྱུར་བཅོས་འབག་འོང་ནི་ལུ་ དོགས་པ་མེད་པའི་ཁར་ མ་གོ་བར་ ལུས་མི་ཚུ་གི་ བསམ་འཆར་བཀོད་མི་འབད་ནིའི་ རེ་འདོད་ཡོད།

མཚོ་སྐྱིད་རྡོ་རྗེ།
སྐྱེས་ལོ་ ༣༣

གཡུས་ ཐིམ་ཁྲོམ།
རྒེད་འོག་ ཐིམ་ཁྲོམ།
ཤེས་ཚད་ ཁྲིམས་དོན་ནང་ མཐོ་རིམ་ཤེས་ཚད་དང་ རྒྱལ་ཡོངས་ཁྲིམས་དོན་ནང་ མཐོ་རིམ་གོང་མ་ཌིབ་ལོ་མའི་ ཤེས་ཚད་ཡོད།

ཉམས་མྱོང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ ཁྲིམས་དོན་འགོ་དཔོན།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ?
ང་ར་ ཞི་གཡོག་དང་ སྒེར་སྡེ་ནང་ ཞབས་ཏོག་སྤྲོད་མི་སྦེ་ ཕྱག་ཞུཝ་ལས་ ཉམས་མྱོང་ཡོད་པའི་ཁར་ དྲང་བདེན་གྱི་ མི་ངོ་ཅིག་ཨིནམ་མ་ཚད་ ང་ར་ ཐིམ་ཕུག་ལུ་ར་ སྦོམ་སྦོམ་འབདཝ་ལས་ ཐིམ་ཕུག་དང་ དེ་གི་དགོས་མཁོ་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས། ཁྲིམས་རྩོདཔ་ཅིག་འབད་མི་ལུ་བརྟེན་ ཁྲིམས་ཀྱིས་ མི་ཚུ་ལུ་ གནོད་པ་ག་དེ་སྦེ་ཡོདཔ་ཨིན་ན་ མཐོང་ཡོདཔ་ལས་ ཁྲིམས་ཚུ་བཟོ་བའི་སྐབས་ ལེགས་ཤོམ་སྦེ་ བཟོ་དགོཔ་ད་ བཟོ་ཚར་བའི་ཤུལ་ལས་ ག་དེ་སྦེ་ཨིན་རུང་ བསྟར་སྤྱོད་འབད་དགོཔ་ཨིན། ཉེས་རྩོད་ཀྱི་ ལམ་ལུགས་ལུ་ མི་ཚུ་གི་ བློ་གཏད་ཡར་དྲག་གཏང་དགོཔ་ལས་ ང་བཅས་ཀྱིས་ སྒྲུབ་བྱེད་དང་ དབྱེར་མེད་ཁྲིམས་ལུ་ རྒྱབ་སྐྱོར་འབད་དགོཔ་མ་ཚད་ མི་ཚུ་ལུ་ ཉེས་པ་ཅན་སྦེ་ སྙན་གསན་མ་གནང་ཚུན་ ཉེས་མེད་སྦེ་ རྩིས་དགོཔ་ད་ ངེའི་ཤེས་རིག་གི་ རྒྱབ་ཁུངས་དང་ ཉམས་མྱོང་ཚུ་ དེ་དང་འབྲེལ་བ་ཡོདཔ་ལས་ མི་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཁོང་གི་ངོ་ཚབ་འབད་བཅུག་ཐབས་ལུ་ ང་ལུ་ ཚོགས་རྒྱན་བཙུགས་ནིའི་དོན་ལས་ ཁོང་གིས་ ང་གིས་སླབ་མི་ལུ་ རྒྱབ་སྐྱོར་མཛད་ནིའི་ རེ་བ་ཡོད།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *